ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཁྲུ་ཁྲིན་རྒྱལ་དམངས་ཉེན་སྲུང་དམག་དཔུང་གི་སྡོད་གནས་ཤིག་ལ་འཇབ་རྒོལ་ཐེབས་ཏེ་དམག་མི་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་ཁབ་འཇིགས་སྐུལ་ངོ་རྒོལ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་བཞིའི་ཉིན་བསྒྲགས་པ་ལྟར་ན། ཁྲུ་ཁྲིན་སྤྱི་མཐུན་རྒྱལ་ཁབ་རྒྱལ་དམངས་ཉེན་སྲུང་དམག་དཔུང་གི་བཅའ་སྡོད་བྱེད་ས་ཞིག་ལ་ཉིན་དེའི་ཞོགས་པར་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཏེ། དྲག་ཆས་མི་སྣ་དྲུག་དང་དམག་མི་དྲུག་རྐྱེན་ལམ་དུ་ཤོར་ཟེར།

འཇབ་རྒོལ་དོན་རྐྱེན་དེ་ཚེས་ཉེར་བཞི་ཉིན་གྱི་ཞོགས་པའི་དུས་ཚོད་གཉིས་དང་སྐར་མ་སུམ་ཅུའི་ཡས་མས་སུ་བྱུང་བ་དང་། དྲག་ཆས་མི་སྣ་དྲུག་སྨུག་པའི་འགེབས་སྲུང་འོག་རྒྱལ་དམངས་ཉེན་སྲུང་དམག་དཔུང་གི་ཁྲུ་ཁྲིན་གྱི་ལྟེ་གནས་གྲོང་ཁྱེར་ཀི་ལོ་ཙི་ནེ་ནུབ་བྱང་གི་ཞི་ནོའུ་ཨར་སི་ཁཱ་ཡཱ་སྡེ་བའི་སྒར་ས་ཞིག་ལ་འཇབ་རྒོལ་བྱས་པ་དང་། ལས་རེས་དམག་མིས་ཤེས་པ་རེད།

བསྒྲགས་པ་ལྟར་ན། དྲག་ཆས་མི་སྣ་ཚང་མ་ཚར་གཅོད་བྱས་པ་དང་། ཁོ་ཚོའི་ལུས་སྟེང་དུ་མེ་མདའ་དང་མདེལ་མང་བོ་ཁུར་ཡོད་ཟེར།

ཨུ་རུ་སིའི་རྒྱལ་ཁབ་འཇིགས་སྐུལ་ངོ་རྒོལ་ཨུ་ཡོན་ལྷན་ཁང་གིས་བཤད་རྒྱུར། གཞན་ཡང་དམག་མི་གསུམ་ལ་རྨས་ཕོག་པ་དང་། རྨས་མ་ཚང་མ་ཀི་ལོ་ཙི་ནེའི་དམག་དོན་སྨན་ཁང་ཞིག་ཏུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར།

བཅའ་ཁྲིམས་ལག་བསྟར་མི་སྣས་དོན་རྐྱེན་བྱུང་སའི་གནས་དེ་བཀག་སྡོམ་བྱས་ནས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།