ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཨར་ཏའོ་ཨན་གྱིས་ཐུར་ཁེ་ཡིས་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་ཆབ་སྲིད་འབྲེལ་བར་ཡང་བསྐྱར་དཔྱད་འཇོག་བྱེད་དགོས་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར་བསྟན་དོན། ཐུར་ཁེ་རྒྱལ་ཁབ་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་ཆབ་སྲིད་འབྲེལ་བར་ཡང་བསྐྱར་དཔྱད་འཇོག་བྱེད་རྒྱུ་ཡིན་པ་དང་། དེའི་ནང་ཐུར་ཁེ་དང་ཡོ་རོབ་གླིང་བར་གྱི་ཡུལ་གྱར་བའི་བཀོད་སྒྲིག་གྲོས་མཐུན་ཀྱང་འདུས་ཡོད་ཟེར།

ཨེ་ཨར་ཏའོ་ཨན་གྱིས་ཉིན་དེའི་དགོང་མོར་ཕྱི་རྒྱལ་གྱི་གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཉེ་སྔོན་ཡོ་རོབ་གླིང་གི་རྒྱལ་ཁབ་རེ་འགས་ཐུར་ཁེའི་དཔོན་རིགས་མངའ་ཁོངས་སུ་ཡོང་ནས་མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་དམངས་ཡོངས་ཀྱིས་བརྡས་ཐག་གཅོད་པའི་བྱ་འགུལ་ལ་རྒྱབ་སྐྱོར་བརྩོན་ལེན་བྱེད་པར་བཀག་འགོག་བྱས་པ་དང་། ལམ་ལུགས་བསྒྱུར་བཅོས་ལ་ངོ་རྒོལ་བྱེད་པའི་མང་ཚོགས་ཀྱིས་འདུ་ཚོགས་སྤེལ་བར་ཆོག་མཆན་བཀོད་པ་རེད། རྣམ་འགྱུར་དེས་ཐུར་ཁེ་དང་ཡོ་རོབ་གླིང་གི་འབྲེལ་བར་ཤུགས་རྐྱེན་ཐེབས་ཡོད། ཐུར་ཁེ་རྒྱལ་ཁབ་ཀྱིས་ཐུར་ཁེ་དང་ཡོ་རོབ་གླིང་གི་འབྲེལ་བའི་ཐད་བྱས་རྗེས་ཆེན་པོ་བཞག་ཡོད་ཀྱང་། དེར་དགོས་ངེས་ཀྱི་ཁེ་ཕན་མ་ཐོབ་པས། ཐུར་ཁེ་ཡིས་དམངས་ཡོངས་ཀྱིས་བརྡས་ཐག་བཅད་རྗེས་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་ཆབ་སྲིད་འབྲེལ་བར་ཡང་བསྐྱར་དཔྱད་འཇོག་བྱེད་རྒྱུ་ཡིན་ཟེར།

ཐུར་ཁེ་ཡིས་ཟླ་བཞི་བའི་ཚེས་བཅུ་དྲུག་ཉིན་དམངས་ཡོངས་ཀྱིས་བརྡས་ཐག་བཅད་དེ་ཆབ་སྲིད་ལམ་ལུགས་དེ་གྲོས་ཁང་ལམ་ལུགས་ནས་ཙུང་ཐུང་ལམ་ལུགས་སུ་བསྒྱུར་མིན་ཐག་གཅོད་རྒྱུ་རེད། ཆབ་སྲིད་ལམ་ལུགས་ལ་འགྱུར་ལྡོག་བྱུང་རྗེས། ཙུང་ཐུང་ལ་རྩ་ཁྲིམས་ཐད་ནས་དབང་ཆ་མང་བོ་འདོན་སྤྲོད་བྱེད་ངེས་རེད། ངོ་རྒོལ་མཁན་གྱིས་ལམ་ལུགས་བཅོས་བསྒྱུར་བྱས་ན་རྒྱལ་ཁབ་སྒེར་གཅོད་དང་ཟང་ཟིང་གི་གནས་སུ་ལྷུང་སྲིད་པ་དང་། གྲོས་ཁང་གིས་དབང་ཤུགས་དོ་མཉམ་ཡོང་བར་བྱེད་པའི་ནུས་པ་ཤོར་ངེས་རེད་ཟེར།

དམངས་ཡོངས་ཀྱིས་བརྡས་ཐག་གཅོད་པར་འདེམ་ཤོག་འཕེན་པའི་དབང་ཆ་ལྡན་པའི་ཐུར་ཁེའི་མི་ས་ཡ་འགའ་འཇར་མན་དང་ཨོ་སི་ཁྲུ་རི་ཡཱ། ཧི་ལན་སོགས་རྒྱལ་ཁབ་ཏུ་འཚོ་བཞིན་ཡོད་པས། ཐུར་ཁེའི་སྲིད་གཞུང་གིས་རྒྱལ་ཁབ་དེ་དག་ནས་འདེམ་དམངས་ཀྱི་རྒྱབ་སྐྱོར་ཐོབ་པར་བརྩོན་ལེན་བྱེད་རྩིས་བྱས་ཀྱང་། བྱ་སྤྱོད་དེར་མཐའ་གཅིག་ཏུ་ངོ་རྒོལ་ཐེབས་པས། ཐུར་ཁེ་དང་རྒྱལ་ཁབ་དེ་དག་བར་གྱི་འབྲེལ་བ་ཛ་དྲག་ཏུ་གྱུར་བ་རེད། ཐུར་ཁེའི་གླེང་ཕྱོགས་རེ་འགས་སྲིད་གཞུང་གིས་ཡང་བསྐྱར་ཐུར་ཁེ་དང་ཡོ་རོབ་གླིང་བར་གྱི་ཡུལ་གྱར་བའི་བཀོད་སྒྲིག་གྲོས་མཐུན་ལ་དཔྱད་འཇོག་བྱེད་དགོས་པའི་གྲོས་གཞི་བཏོན་པ་རེད།

ན་ནིང་ཟླ་གསུམ་པར། ཡོ་རོབ་གླིང་མནའ་འབྲེལ་དང་ཐུར་ཁེ་ཡིས་མཉམ་ལས་བྱས་ཏེ་ཡུལ་གྱར་བའི་ཉམས་ཉེན་ཐག་གཅོད་བྱེད་པའི་གྲོས་མཐུན་བཀོད། གྲོས་མཐུན་ལྟར་ན། ཁྲིམས་འགལ་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་མངའ་ཁོངས་སུ་ཡོང་བའི་ཡུལ་གྱར་བ་དག་ཐུར་ཁེ་རུ་ཕྱིར་བསྐྱལ་རྒྱུ་ཡིན་པ་དང་། ཞོར་དུ་ཡོ་རོབ་གླིང་མནའ་འབྲེལ་གྱིས་གཅིག་བསྡུར་གཅིག་གི་རྩ་དོན་ལྟར་ཐུར་ཁེའི་མངའ་ཁོངས་ཀྱི་སི་རི་ཡཱའི་ཡུལ་གྱར་བ་བཀོད་སྒྲིག་བྱེད་པར་རོགས་རམ་བྱེད་དགོས་པ་རེད། དེ་བས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་དུ་ཞུགས་པའི་གྲོས་མོལ་སླར་གསོ་བྱེད་པ་དང་། ཐུར་ཁེའི་སྤྱི་དམངས་ལ་ལམ་ཡིག་མི་དགོས་པར་བྱེད་རྒྱུ་མ་ཟད། ཐུར་ཁེའི་ཡུལ་གྱར་བར་བཀོད་སྒྲིག་གྲོན་དངུལ་འདོན་སྤྲོད་བྱེད་རྒྱུར་འཐད་པ་བྱུང་།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།