ཀྲུང་གོ་བོད་ཀྱི་དྲ་བ།

སྐོར་ཐེངས་གསར་བའི་སི་རི་ཡཱའི་ཞི་བའི་གྲོས་མོལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།སྐོར་ཐེངས་གསར་བའི་སི་རི་ཡཱའི་ཞི་བའི་གྲོས་མོལ་དེ་ཚེས་ཉེར་བཞིའི་ཉིན་རི་ནེ་ཝ་ནས་དངོས་སུ་སྤེལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་ཏི་མུས་སི་ཐུའུ་ལཱ་ཡིས་ཀྲུང་གོས་ཞི་བའི་གྲོས་མོལ་ཁྲོད་ཐོན་པའི་ནུས་པར་གཟེངས་བསྟོད་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། དེ་ནི་སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གི་འཐུས་མིས་རི་ནེ་ཝ་ནས་སྤེལ་བའི་སྐོར་ཐེངས་ལྔ་བའི་ཞི་བའི་གྲོས་མོལ་ཡིན་པ་དང་། ཕྱོགས་གཉིས་ཀྱིས་ཐོག་དང་པོར་མཉམ་དུ་གཏན་འཁེལ་བྱས་པའི་གྲོས་རིམ་ལ་གྲོས་བསྡུར་བྱས་པ་རེད། ཡིན་ཡང་ཕྱོགས་གཉིས་ཀྱིས་ཐད་ཀར་གྲོས་མོལ་བྱས་མེད་པ་དང་། ཏི་མུས་སི་ཐུའུ་ལཱ་ཡིས་བར་དཀྱིལ་ནས་སོ་སོར་སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་བར་གྲོས་མོལ་བྱས་པ་རེད།

བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཞི་བའི་གྲོས་མོལ་གྱི་བྱེ་བྲག་གི་གྲོས་གཞིའི་ཐད་སྔར་བཞིན་འགལ་བ་ཡོད་ཟེར། སི་རི་ཡཱའི་སྲིད་གཞུང་གི་འཐུས་མིས་ཐོག་མར་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱེད་དགོས་པའི་རེ་བ་བཏོན་པ་དང་། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གིས་སྔོན་ལ་མི་རིགས་མཐུན་སྒྲིལ་སྲིད་གཞུང་འཛུགས་པའི་དོན་ལ་གྲོས་བསྡུར་བྱེད་དགོས་པར་འདོད། ཕྱོགས་གཉིས་བར་གཅིག་གྱུར་གྱི་ལྟ་ཚུལ་འབྱུང་དཀའ་བར་མངོན།

སི་རི་ཡཱའི་དཔོན་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། སི་རི་ཡཱའི་སྲིད་གཞུང་གི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཅཱ་ཧྥ་ལི་ཡིས་ཏི་མུས་སི་ཐུའུ་ལཱ་དང་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་ནི་དེང་སྐབས་སི་རི་ཡཱའི་སྲིད་གཞུང་གིས་དོ་སྣང་བྱེད་པའི་གཙོ་གནད་ཡིན་པ་བསྐྱར་སྒྲོག་བྱས། ཅཱ་ཧྥ་ལི་ཡིས་ད་རུང་གསར་འགྱུར་ལས་རིགས་ལ་སི་རི་ཡཱ་ཡིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གནས་ཚུལ་གསར་བ་སྙན་ཞུ་བྱས།

ཏི་མུས་སི་ཐུའུ་ལཱ་ཡིས་ཉིན་དེར་ཀྲུང་གོའི་སྲིད་གཞུང་གི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་ཞེ་ཞའོ་ཡན་དང་གྲོས་མོལ་བྱས། ཏི་མུས་སི་ཐུའུ་ལཱ་ཡིས་ཀྲུང་གོས་སི་རི་ཡཱའི་གནད་དོན་ཐད་ནས་ཐོན་པའི་ནུས་པ་གཟེངས་བསྟོད་བྱས།

ཏི་མུས་སི་ཐུའུ་ལཱ་ཡིས་བཤད་རྒྱུར། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ལྔའི་ཡ་གྱལ་ཡིན་པ་དང་། རྒྱལ་ཁབ་གཞན་གྱིས་ཀྲུང་གོའི་བསམ་འཆར་ལ་ནན་ཏན་གྱིས་ཉན་བཞིན་ཡོད་ལ། ཁོ་རང་ཉིད་དང་ཁོས་ཡར་སྐུལ་གཏོང་བའི་སི་རི་ཡཱའི་ཞི་བའི་གྲོས་མོལ་ལ་མཚོན་ན། ཀྲུང་གོའི་ཤུགས་རྐྱེན་ནི་ཧ་ཅང་གལ་ཆེན་ཡིན་ཟེར།

ཞེ་ཞའོ་ཡན་གྱིས་བསྟན་དོན། སི་རི་ཡཱའི་གནད་དོན་ཧ་ཅང་རྙོག་འཛིང་ཡིན་པ་དང་། ཐོག་མར་འཁྲུག་རྩོད་བྱེད་པའི་ཕྱོགས་ཁག་སོ་སོས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བརྩི་སྲུང་བྱེད་དགོས་པ་དང་། ཕྱོགས་སོ་སོས་དུས་ཚོད་མང་བོ་བཀོལ་ནས་ཆབ་སྲིད་འཕེལ་རིམ་ཐད་ནས་གྲུབ་འབྲས་ལེན་པར་རེ་སྒུག་བྱེད་དགོས་ཟེར།

ཀྲུང་གོའི་ཚབ་བྱས་ཏེ་ཞི་བའི་གྲོས་མོལ་ལ་ཞུགས་པའི་ཞེ་ཞའོ་ཡན་གྱིས་དེའི་སྔོན་ཀྲུང་གོའི་སི་རི་ཡཱའི་གནད་དོན་ཐད་ཀྱི་རྩ་བའི་ལངས་ཕྱོགས་རྒྱས་བཤད་བྱས་པ་དང་། སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གིས་གཟབ་ནན་གྱིས་གྲོས་མོལ་བྱས་ཤིང་། རི་ནེ་ཝའི་ཞི་བའི་གྲོས་མོལ་གྱི་སྟེགས་བུའི་སྟེང་བརྗེ་རེས་དང་གྲོས་མོལ་གང་ལེགས་བྱས་ཏེ། སི་རི་ཡཱའི་མི་དམངས་ཀྱི་རྒྱང་རིང་གི་ཁེ་ཕན་དང་འཚམ་པའི་ཆབ་སྲིད་ཐག་གཅོད་ཇུས་གཞི་འགོད་པར་བརྩོན་ལེན་བྱེད་དགོས་ཟེར།

སི་རི་ཡཱའི་རྒྱལ་ནང་གི་འཁྲུག་རྩོད་མིག་སྔར་མུ་མཐུད་དུ་སྤེལ་བཞིན་ཡོད། ཕྱེད་གླིང་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། སི་རི་ཡཱའི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་གཟའ་འཁོར་འདིའི་ནང་རྒྱལ་ས་ཏཱ་མཱ་ཧྲི་ཀི་སོགས་ནས་འཁྲུག་རྩོད་མང་དུ་བྱས་པ་དང་། རྒྱལ་ཕམ་གྱི་དབྱེ་བར་ཡང་ཁྱད་མེད་ཟེར། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་ཐེངས་མང་བོར་དཔུང་འཇུག་བྱས་པ་རེད་ཟེར།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།