ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དག་མཉམ་དུ་འཛོམས་ནས་རོ་མཱའི་ཆིངས་ཡིག་བཀོད་ནས་ལོ་ངོ་དྲུག་ཅུ་འགོར་བར་རྗེས་དྲན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཡོ་རོབ་གླིང་མནའ་འབྲེལ་གྱིས་རོ་མཱའི་ཆིངས་ཡིག་བཀོད་ནས་ལོ་ངོ་དྲུག་ཅུ་འགོར་བར་རྗེས་དྲན་བྱེད་པའི་བྱ་འགུལ་དེ་ཚེས་ཉེར་ལྔ་ཉིན་དབྱི་ཐཱ་ལེའི་རྒྱལ་ས་རོ་མཱ་རུ་སྤེལ། དབྱིན་ཇི་མ་གཏོགས་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་བདུན་གྱི་མགོ་ཁྲིད་པ་རོ་མཱ་རུ་འཛོམས་ནས། ཡོ་རོབ་གླིང་གི་མ་འོངས་པའི་ལོ་ངོ་བཅུའི་རིང་གི་འཕེལ་རྒྱས་ཇུས་ཆེན་ལ་གྲོས་བསྡུར་བྱས་པར་མ་ཟད། རོ་མཱའི་བསྒྲགས་གཏམ་སྤེལ།

ལོ་ངོ་དྲུག་ཅུའི་ཡར་སྔོན་དུ། ཧྥ་རན་སི་དང་རྒྱལ་ཕྲན་མཉམ་འབྲེལ་འཇར་མན། དབྱི་ཐཱ་ལེ། ཧི་ལན། པུ་ལི་ཧྲི། ལུའུ་སིན་པའོ་བཅས་རྒྱལ་ཁབ་དྲུག་གིས་རོ་མཱ་ནས་ཡོ་རོབ་གླིང་གི་དཔལ་འབྱོར་ཐུན་མོང་ཚོགས་པའི་ཆིངས་ཡིག་དང་ཡོ་རོབ་གླིང་རྡུལ་ཕྲན་ནུས་པའི་ཐུན་མོང་ཚོགས་པའི་ཆིངས་ཡིག་བཀོད་པ་རེད། ཆིངས་དེ་གཉིས་མཉམ་དུ་བསྡུས་ནས་རོ་མཱའི་ཆིངས་ཡིག་ཅེས་འབོད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་སྔོན་ཆད་ཀྱི་རྣམ་པ་ཡོ་རོབ་གླིང་ཐུན་མོང་ཚོགས་པ་དེ་ལྟར་བྱུང་བ་རེད།

དབྱིན་ཇི་རྒྱལ་ཁབ་ཀྱིས་ཚེས་ཉེར་དགུའི་ཉིན་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་ལས་རིམ་དངོས་སུ་མགོ་རྩོམ་རྒྱུ་ཡིན་པ་དང་། ཡོ་རོབ་གླིང་གཞི་གཅིག་ཅན་གྱི་འཕེལ་རིམ་ཁྲོད་ཁ་བྲལ་དུ་གྱུར་བའི་རྒྱལ་ཁབ་ཐོག་མར་གྱུར་བ་རེད། དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་མགྲིན་ཚབ་པས་དེའི་སྔོན་བསྟན་དོན། དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མཱེ་རོ་མཱའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ལ་ཞུགས་མི་སྲིད་ཟེར།

གནད་འགག་གི་སྐབས་སུ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་བདུན་གྱི་མགོ་ཁྲིད་པ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ལས་ཁུངས་སོ་སོའི་མགོ་ཁྲིད་པས་མཉམ་དུ་རོ་མཱའི་བསྒྲགས་གཏམ་སྤེལ་ཏེ། མཐུན་སྒྲིལ་དང་ཞི་བདེའི་གལ་ཆེན་རང་བཞིན་ནན་བཤད་བྱས།

རོ་མཱའི་བསྒྲགས་གཏམ་ལས་བཤད་རྒྱུར། ཁོངས་གཏོགས་རྒྱལ་ཁབ་ཉེར་བདུན་དང་ཡོ་རོབ་གླིང་མནའ་འབྲེལ་ལས་ཁུངས་ཀྱི་མགོ་ཁྲིད་པ་དག་ཡོ་རོབ་གླིང་མནའ་འབྲེལ་གྱིས་བླངས་པའི་གྲུབ་འབྲས་ལ་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་པ་དང་། ཡོ་རོབ་གླིང་གི་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ནི་སྤོབས་པ་ཆེ་ཞིང་རྒྱང་རིང་ལ་དམིགས་པའི་བྱ་བ་ཞིག་ཡིན། ལོ་ངོ་དྲུག་ཅུའི་ཡར་སྔོན་དུ་ང་ཚོས་མཐུན་སྒྲིལ་མཉམ་གནས་བྱེད་རྒྱུ་ཐག་བཅད་དེ། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་ཞིག་རོའི་སྟེང་ནས་ང་ཚོའི་སྐམ་ས་བསྐྱར་འཛུགས་བྱས་པ་ཡིན་ཟེར།

བསྒྲགས་གཏམ་ལས་ནན་གྱིས་བསྟན་དོན། མ་འོངས་པའི་ལོ་ངོ་བཅུའི་རིང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་བདེ་འཇགས་དང་དར་རྒྱས། རྒྱུན་མཐུད་བཅས་ལྡན་ཞིང་། འཛམ་གླིང་ཡོངས་སུ་ཤུགས་རྐྱེན་སྔར་ལས་ཆེ་བའི་སྟོབས་དང་ལྡན་པའི་ཡོ་རོབ་གླིང་ཞིག་འཛུགས་སྐྲུན་བྱེད་པར་བརྩོན་རྒྱུ་ཡིན་ཟེར།

བསྒྲགས་གཏམ་ལས་མཇུག་མཐར་བསྟན་དོན། ང་ཚོ་སྔར་ལས་མཛེས་སྡུག་གི་ཆེད་དུ་མཐུན་སྒྲིལ་མཉམ་གནས་བྱས་ཡིན་ལ། ཡོ་རོབ་གླིང་ནི་ང་ཚོའི་ཐུན་མོང་གི་མ་འོངས་པ་ཡིན་ཟེར།

ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁི་ཡིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་ནི་ཁ་གཡང་དང་ལས་རིམ། སྲོལ་ཡིག་ཅིག་མིན་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་རང་དབང་དང་ལ་རྒྱ། དམངས་གཙོ། སྒེར་ཚུགས་བཅས་ལ་འགན་སྲུང་བྱེད་པ་དེ་རྨི་ལམ་ཙམ་མ་ཡིན་པར་ཉིན་རྒྱུན་གྱི་དོན་དངོས་གནས་ཚུལ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།