ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རོགས་སྐྱོབ་མི་སྣ་དྲུག་སུའུ་ཏན་ལྷོ་མ་ནས་བསད་པར་རྒོལ་གཏམ་དྲག་པོ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་ལྷོ་མ་རུ་སྡོད་པའི་མི་ཆོས་རིང་ལུགས་ལས་དོན་གྱི་མཐུན་སྦྱོར་པ་ཨོ་ཝུའུ་སུའུ་ཡིས་ཚེས་ཉེར་དྲུག་ཉིན་གསལ་སྒྲོག་སྤེལ་ནས། རོགས་སྐྱོབ་མི་སྣ་དྲུག་ཚེས་ཉེར་ལྔ་ཉིན་རྒྱལ་ས་ཀྲུའུ་པ་ནས་ཤར་ཕྱོགས་ཀྱི་གྲོང་རྡལ་ཕེ་པོ་ཨར་ལ་འགྲོ་བའི་ལམ་བར་དུ་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་།

གསལ་སྒྲོག་ནང་བཤད་རྒྱུར། སུའུ་ཏན་ལྷོ་མའི་མི་ཆོས་རིང་ལུགས་ཀྱི་དགོས་མཁོ་སྔར་ལས་ཀྱང་ཆེ་བའི་སྐབས་སུ། རོགས་སྐྱོབ་མི་སྣར་འཇབ་རྒོལ་བྱས་ཏེ་བསད་པའི་དོན་རྐྱེན་བྱུང་བ་དེ་ནི། མི་ཚང་མས་དང་ལེན་བྱེད་དཀའ་བ་ཞིག་རེད། དེ་ནི་ཉིས་སྟོང་བཅུ་གསུམ་ལོའི་ཟླ་བཅུ་གཉིས་པར་སུའུ་ཏན་ལྷོ་མ་ནས་ཟིང་འཁྲུག་བྱུང་བའི་ཚུན་ལ། རོགས་སྐྱོབ་མི་སྣར་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར་བ་ཆེས་མང་བའི་དོན་རྐྱེན་ཞིག་རེད་ཟེར།

གསལ་སྒྲོག་ནང་དུ་བཤད་རྒྱུར། ད་ལོའི་ཟླ་གསུམ་པ་ནས་བཟུང་། སུའུ་ཏན་ལྷོ་མའི་མངའ་ཁོངས་ནས་ཉུང་མཐར་ཡང་རོགས་སྐྱོབ་མི་སྣར་དམིགས་པའི་འཇབ་རྒོལ་དོན་རྐྱེན་གཉིས་བྱུང་བ་དང་། དེས་མི་ཚད་རོགས་སྐྱོབ་དངོས་རྫས་འཕྲོག་པའི་འཇབ་རྒོལ་དོན་རྐྱེན་མང་པོ་བྱུང་ཟེར།

དེའི་ཐད་ནས་ཨོ་ཝུའུ་སུའུ་ཡིས་བཤད་རྒྱུར། ཐེངས་འདིའི་འཇབ་རྒོལ་བྱ་སྤྱོད་དེས་རོགས་སྐྱོབ་མི་སྣའི་ཚེ་སྲོག་ཉེན་ཁའི་གནས་སུ་བསྐྱལ་བར་མ་ཟད། རྒྱལ་སྤྱིའི་རོགས་སྐྱོབ་ལ་བརྟེན་ནས་འཚོ་བཞིན་པའི་སུའུ་ཏན་ལྷོ་མའི་མི་ཁྲི་ཕྲག་ལྷག་གི་ཚེ་སྲོག་ལ་ཡང་འཇིགས་སྣང་བཟོས་པ་རེད་ཟེར།

གསལ་སྒྲོག་ནང་འདོན་སྤྲོད་བྱས་པའི་གྲངས་ཀ་ལྟར་ན། ཉིས་སྟོང་བཅུ་གསུམ་ལོའི་ཟླ་བཅུ་གཉིས་པ་ནས་ད་ལྟའི་བར་དུ། ཉུང་མཐར་ཡང་རོགས་སྐྱོབ་མི་སྣ་དོན་དགུ་ལ་སུའུ་ཏན་ལྷོ་མ་ནས་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར། དེའི་ནང་ཉིས་སྟོང་བཅུ་བདུན་ལོར་ཉུང་མཐར་ཡང་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། ཉུང་མཐར་ཡང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་ཚོགས་པ་བརྒྱད་ལ་འཇབ་རྒོལ་ཐེབས་ཟེར།

སུའུ་ཏན་ལྷོ་མའི་གནས་བབ་ལ་ཉེ་བའི་ལོ་འདི་འགར་གཡོ་འགུལ་ཆེན་པོ་བྱུང་། ཙུང་ཐུང་ཅི་ཨར་དང་ངོ་རྒོལ་ཕྱོགས་ཁག་གི་མགོ་ཁྲིད་པ་མཱ་ཧྲ་ཨར་ཕྱོགས་ཁག་གཉིས་ཀྱི་དམག་དཔུང་བར་དུ་ཡུན་རིང་པོར་དྲག་ཆས་འཁྲུག་རྩོད་བྱུང་ལ། མཱ་ཧྲ་ཨར་དུས་ཡུན་ཞིག་ལ་རྒྱལ་ས་ཀྲུའུ་པ་ནས་ས་ཆ་གཞན་པར་བྲོས། ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཞི་བར། ཕྱོགས་ཁག་དེ་གཉིས་མཉམ་དུ་མི་རིགས་མཐུན་སྒྲིལ་བར་བརྒལ་སྲིད་གཞུང་འཛུགས་པར་ཞུགས་མོད། ཡིན་ན་ཡང་ཕྱོགས་གཉིས་ཀྱི་དམག་དཔུང་བར་དུ་ལོ་དེའི་ཟླ་བདུན་པར་ཡང་བསྐྱར་འཁྲུག་རྩོད་དྲག་པོ་བྱུང་བ་དང་། མཱ་ཧྲ་ཨར་ཕྱི་རྒྱལ་ལ་འབྲོ་དགོས་བྱུང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།