ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཡོ་རོབ་གླིང་གཞི་གཅིག་ཅན་གྱི་འཕེལ་རིམ་ཡང་བསྐྱར་ཕྱེས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན། དབྱིན་ཇི་ཕུད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་བདུན་གྱི་མགོ་ཁྲིད་པ་དང་ཡོ་རོབ་གླིང་མནའ་འབྲེལ་ལས་ཁུངས་ཀྱི་མགོ་ཁྲིད་པས་དབྱི་ཐ་ལིའི་རྒྱལ་ས་རོ་མ་ནས་དམིགས་བསལ་མཐོ་རིམ་གྲོས་ཚོགས་བསྡུས་ཏེ། རོ་མའི་ཆིངས་ཡིག་བཀོད་དེ་ལོ་ངོ་དྲུག་ཅུ་འཁོར་བར་དྲན་གསོ་ཞུས་པ་མ་ཟད། ཚོགས་འདུའི་རྗེས་སུ་རོ་མའི་བསྒྲགས་གཏམ་བཀོད་དེ་ཡོ་རོབ་གླིང་མནའ་འབྲེལ་གྱི་མ་འོངས་པའི་ལོ་བཅུའི་འཕེལ་རྒྱས་ཀྱི་འཆར་གཞི་བཀོད།

ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཀྱིས་ཡོ་རོབ་གླིང་ནི་ང་ཚོ་ཐུན་མོང་གི་མ་འོངས་པ་ཡིན་ཞེས་པ་བརྗོད་གཞིར་བཟུང་ནས། དབྱིན་ཇིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་ནས་ཕྱིར་བུད་པ་དངོས་སུ་བསྒྲགས་རྗེས། དེར་བརྟེན་ནས་བར་ཆད་ཐེབས་པའི་ཡོ་རོབ་གླིང་གཞི་གཅིག་ཅན་གྱི་འཕེལ་རིམ་ཡང་བསྐྱར་ཕྱེས། ཕོ་ལན་གྱི་ཙུང་ལི་ཞི་ཏི་ཝོ་ཡིས་ཚོགས་འདུའི་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ནི་ཡོ་རོབ་གླིང་གཞི་གཅིག་ཅན་གྱི་འཕེལ་རིམ་ཡང་བསྐྱར་འབྱེད་པའི་གོམ་སྟབས་དང་པོ་ཡིན་ཟེར།

གཅིག་སྟོང་དགུ་བརྒྱད་ང་བདུན་ལོའི་ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན། པི་ལི་ཧྲི་དང་ཧྥ་རན་སི། འཇར་མན། དབྱི་ཐ་ལི། ཧི་ལན། ལུ་ཙེམ་པོག་སོགས་ཡོ་རོབ་གླིང་གི་རྡོ་སོལ་རྣོ་ལྕགས་མཉམ་གཉེར་ཅེས་པའི་ཁོངས་གཏོགས་རྒྱལ་ཁབ་དྲུག་གིས་རོ་མ་ནས་མཉམ་དུ་ཡོ་རོབ་གླིང་གི་དཔལ་འབྱོར་ཐུན་ཚོང་ཚོགས་པའི་ཆིངས་ཡིག་དང་ཡོ་རོབ་གླིང་གི་རྡུལ་ཕྲན་ནུས་པའི་ཐུན་མོང་ཚོགས་པའི་ཆིངས་ཡིག་བཞག་པ་དང་། ཆིངས་ཡིག་དེ་གཉིས་ཀྱི་བསྡོམས་མིང་ལ་རོ་མའི་ཆིངས་ཡིག་ཟེར། རོ་མའི་ཆིངས་ཡིག་བཀོད་པ་དེ་ནི་ཡོ་རོབ་གླིང་གཞི་གཅིག་ཅན་གྱི་འཕེལ་རིམ་གྱི་གནད་འགག་གི་གོམ་སྟབས་ཞིག་ཡིན་ལ། དེས་རྗེས་ཕྱོགས་ཡོ་རོབ་གླིང་མནའ་འབྲེལ་འཛུགས་པར་རྨང་གཞི་གལ་ཆེན་བཏིངས་པར་སྙམ་ཡོད།

ལོ་ངོ་དྲུག་ཅུའི་རིང་ལ། རྒྱུན་ཆད་མེད་པར་དར་རྒྱས་བྱུང་བའི་ཡོ་རོབ་གླིང་མནའ་འབྲེལ་དེ་རིམ་བཞིན་དེང་སྐབས་ཤན་ཤུགས་ཆེས་ཆེ་བའི་ཁུལ་ཁོངས་གཅིག་གྱུར་ཅན་གྱི་རྩ་འཛུགས་སུ་གྱུར་ཏེ། ཀུན་གྱིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་བླངས་ཡོད། ཡིན་ནའང་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་དུ་ཡོ་རོབ་གླིང་མནའ་འབྲེལ་ཡང་དཀའ་ཁག་གང་མང་ལ་འཕྲད་མྱོང་བ་དང་། ལྷག་པར་དུ་དེང་སྐབས་དཔལ་འབྱོར་ཉེན་ཚབས་དང་ཡུལ་གྱར་པའི་ཉེན་ཚབས། འཇིགས་སྐུལ་རིང་ལུགས་སོགས་ཀྱི་བར་ཆད་རིམ་པར་བྱུང་བས། ཡོ་རོབ་གླིང་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་ཡང་དཀའ་ཁག་ཆེན་པོ་བྱུང་ཡོད།

ཐེངས་འདིའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་སྟེང་། ཚོགས་འདུར་ཞུགས་པའི་རྒྱལ་ཁབ་ཉེར་བདུན་གྱི་མགོ་ཁྲིད་པས་དེ་སྔོན་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི་ཡིས་བཏོན་པའི་ཉིས་སྟོང་ཉེར་ལྔ་ལོའི་རྒྱལ་ཁབ་ཉེར་བདུན་གྱི་ཡོ་རོབ་གླིང་མནའ་འབྲེལ་ཞེས་པའི་འཆར་གཞི་ལྔ་ལ་དམིགས་ནས། ཡོ་རོབ་གླིང་མནའ་འབྲེལ་གྱི་ད་ལྟའི་གནས་བབ་དང་མ་འོངས་པའི་ལོ་བཅུའི་འཕེལ་རྒྱས་ཁ་ཕྱོགས་ཐད་ནས་གྲོས་སྡུར་ཟབ་མོ་བྱས། རོང་ཁི་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོ་མཐུན་སྒྲིལ་གཅིག་གྱུར་ཡོང་ན། ད་གཟོད་རྗེས་རབས་པར་སྔར་ལས་དར་རྒྱས་ཆེ་བ་དང་བདེ་འཇགས་ཡིན་པ། འགྲན་རྩོད་ཆེན་པོར་ཁ་གཏད་འཇལ་ཐུབ་པའི་ཡོ་རོབ་གླིང་ཞིག་སྐྲུན་ཐུབ་ཅེས་ནན་གྱིས་བཤད།

ཚོགས་འདུར་ཞུགས་པའི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་ཚོགས་འདུའི་རྗེས་སུ་བསྒྲགས་པའི་རོ་མའི་བསྒྲགས་གཏམ་ནང་དུ་བསྟན་དོན། ཡོ་རོབ་གླིང་མིག་སྔར་འགྲན་རྩོད་མང་པོར་འཕྲད་ཡོད་ལ། དེའི་ནང་དུ་ཁུལ་ཁོངས་ཀྱི་འགལ་བ་དང་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་སྣང་། ཡུལ་གྱར་པའི་ཉེན་ཚབས། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་དོ་མི་མཉམ་པ་སོགས་འདུ། དེ་བས་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོས་མཐུན་སྒྲིལ་གཅིག་གྱུར་གྱིས་ཐུན་མོང་གི་སྒྲིག་སྲོལ་ལ་བརྩི་བཀུར་བྱས་ཏེ། ཡོ་རོབ་གླིང་མནའ་འབྲེལ་དེ་སྔར་ལས་སྟོབས་ལྡན་དུ་འགྱུར་བར་བྱེད་དགོས། ཁོངས་གཏོགས་རྒྱལ་ཁབ་སོ་སོས་མ་འོངས་པའི་ལོ་བཅུའི་ནང་དུ་བདེ་འཇགས་དང་བརྟན་འཇགས། དར་རྒྱས། འགྲན་རྩོད་ནུས་ཤུགས་ཆེ་བ། རྒྱུན་སྲིང་ངང་འཕེལ་རྒྱས་སུ་འགྲོ་བ། སྤྱི་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་ཡོད་པ་བཅས་ཀྱི་ཡོ་རོབ་གླིང་མནའ་འབྲེལ་ཅིག་འཛུགས་པའི་དམིགས་འབེན་གྱི་ཆེད་དུ་མཉམ་དུ་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།