ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡའི་ཁུའུ་ཨར་ཏི་དྲག་ཆས་རྩ་འཛུགས་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཚོད་འཛིན་བྱས་ཡོད་པའི་མཁའ་དམག་གི་རྟེན་གཞི་ཞིག་འཕྲོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   སི་རི་ཡའི་ཁུའུ་ཨར་ཏི་དྲག་ཆས་རྩ་འཛུགས་སི་རི་ཡའི་དམངས་གཙོའི་དམག་གིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། དྲག་ཆས་རྩ་འཛུགས་དེས་ཉིན་དེའི་དགོང་མོར་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པས་ཚོད་འཛིན་བྱས་ཡོད་པའི་ཐ་པུའུ་ཁ་དམག་དོན་རྟེན་གཞི་ཕྱིར་འཕྲོག་ཟེར།

སི་རི་ཡའི་དམངས་གཙོའི་དམག་ཅེས་པའི་མགྲིན་ཚབ་པ་ཞི་ལོ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དང་འཐབ་འཁྲུག་དྲག་པོ་བརྒྱབ་རྗེས། སི་རི་ཡའི་དམངས་གཙོའི་དམག་གིས་ཐ་པུའུ་ཁ་མཁའ་དམག་རྟེན་གཞི་ཕྱིར་འཕྲོག་པ་དང་། རྟེན་གཞི་དེ་ས་དེར་མི་ཆོས་རིང་ལུགས་ཀྱི་དངོས་རྫས་སྐྱེལ་བར་བཀོལ་རྒྱུ་ཡིན་མོད། ཡིན་ན་ཡང་མིག་སྔར་གནམ་གྲུ་ཐང་ད་དུང་ཉམས་གསོ་བྱེད་དགོས་ཟེར།

ཐ་པུའུ་ཁ་དམག་དོན་རྟེན་གཞི་ནི་སི་རི་ཡའི་ལཱ་ཁ་ཞིང་ཆེན་གྱི་ལྷོ་ནུབ་ཕྱོགས་སུ་ཡོད་པ་དང་། ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ལཱ་ཁ་དང་བར་ཐག་སྤྱི་ལེ་ཞེ་ལྔ་ཡོད། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཉིས་སྟོང་བཅུ་བཞི་ལོའི་ཟླ་བརྒྱད་པར་སི་རི་ཡའི་སྲིད་གཞུང་དམག་གི་ལག་ནས་མཁའ་དམག་རྟེན་གཞི་དེ་འཕྲོག་རེད། སི་རི་ཡའི་དམངས་གཙོའི་དམག་གིས་ཚེས་ཉེར་དྲུག་ཉིན་གྱི་སྔ་མོར་མཁའ་དམག་རྟེན་གཞི་དེར་དཔུང་འཇུག་བྱས་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དང་འཐབ་འཛིང་དྲག་པོ་བྱས།

ཞི་ལོ་ཡིས་བཤད་རྒྱུར། ཐ་པུའུ་ཁ་མཁའ་དམག་རྟེན་གཞི་འཕྲོག་པའི་དམག་དོན་འགུལ་སྐྱོད་དེ་ནི་ཨ་མེ་རི་ཁས་གཙོ་ཁྲིད་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ལ་རྒོལ་རྡུང་བྱེད་པའི་རྒྱལ་སྤྱིའི་མནའ་འབྲེལ་གྱི་རྒྱབ་སྐྱོར་འོག་ཏུ་སྤེལ་བ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།