ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ཁི་སི་ཐན་གྱི་ཁྲོམ་ར་ཞིག་ལ་འཇབ་རྒོལ་ཐེབས་ཏེ་མི་ཉེར་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་བདུན་ཅུ་ལ་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ཁི་སི་ཐན་གྱི་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། རྒྱལ་ཁབ་དེའི་ནུབ་བྱང་ཕྱོགས་ཀྱི་ཀུའུ་ལེ་མུའུ་རིགས་རྒྱུད་ཀྱི་པ་ལེ་ཅི་ནར་ས་ཆའི་ཁྲོམ་ར་ཞིག་ནས་ཚེས་སོ་གཅིག་ཉིན་གྱི་སྔ་དྲོར་འགད་རྫས་འགས་གཏོར་གྱི་འཇབ་རྒོལ་དོན་རྐྱེན་བྱུང་ནས། མིག་སྔའི་བར་ཉུང་མཐར་ཡང་མི་ཉེར་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་བདུན་ཅུ་ལ་རྨས་ཕོག་ཟེར།

ས་དེའི་དཔོན་རིགས་ཀྱིས་བཤད་པ་ལྟར་ན། འགས་གཏོར་དོན་རྐྱེན་དེ་ཁྲོམ་རའི་ནང་གི་ཧྲི་ཡེ་ཕྱོགས་ཁག་གི་མུའུ་སི་ལིན་གྱི་ཆོས་ཁང་ཞིག་གི་ཕྱི་རོལ་ནས་བྱུང་བ་དང་། སྐབས་དེར་ཁྲོམ་རའི་ནང་དུ་མི་ཧ་ཅང་མང་ལ། ཧྲི་ཡེ་ཕྱོགས་ཁག་གི་མི་མང་པོ་ཡང་སྔ་གཞུག་ཏུ་ཆོས་ཁང་ནང་ལ་མཇལ་ཕྱག་འབུལ་བར་ཡོང་བཞིན་ཡོད་ཟེར།

གནས་ཚུལ་དེ་མཐོང་མཁན་གྱིས་བཤད་རྒྱུར། འཇབ་རྒོལ་བས་ནང་དུ་འགད་རྫས་བཞག་པའི་རླངས་འཁོར་ཞིག་ཆོས་ཁང་གི་སྒོ་ཆེན་ཕྱི་རོལ་ནས་བཞག་པ་དང་། སྐབས་དེར་བདེ་འཇགས་མི་སྣས་ཆོས་ཁང་དུ་འགྲོ་བའི་མི་སྣར་ཞིབ་བཤེར་བྱེད་བཞིན་ཡོད། འཇབ་རྒོལ་བ་གནས་དེ་དང་བྲལ་ནས་སྐར་མ་འགའ་སོང་རྗེས། རླངས་འཁོར་འགས་གཏོར་བྱུང་སོང་ཟེར།

འགས་གཏོར་ཁྲོད་ནས་ཚོང་ཁང་བཅུ་ལྷག་ལ་གཏོར་བརླགས་ཐེབས་པ་དང་། འདས་པོའི་ནང་དུ་བུད་མེད་དང་བྱིས་པ་ཡང་ཡོད།

འགས་གཏོར་བྱུང་རྗེས། ཕ་ཁི་སི་ཐན་གྱི་བདེ་འཇགས་དམག་དཔུང་གིས་དོན་རྐྱེན་བྱུང་ས་དེ་བཀག་སྡོམ་བྱས་པ་མ་ཟད། རྨས་མ་རྣམས་ས་དེའི་སྨན་ཁང་དུ་བསྐྱལ། ཕ་ཁི་སི་ཐན་དམག་ཕྱོགས་ཀྱིས་གྱེན་འཕུར་གནམ་གྲུ་མངགས་ནས་མྱུར་སྐྱོབ་ཁྲོད་ཞུགས་པ་མ་ཟད། རྨས་མ་ལྕི་མོ་རྣམས་ཉེ་འབྲེལ་གྱི་ཞིང་ཆེན་ལ་སྨན་བཅོས་བྱེད་པར་བསྐྱལ།

མིག་སྔར་རྩ་འཛུགས་གཅིག་གིས་ཀྱང་དོན་རྐྱེན་དེ་བཟོས་པ་ཁས་བླངས་མེད། ཕ་ཁི་སི་ཐན་གྱི་ཙུང་ལི་ཞེ་ལེ་ཧྥུའུ་ཡིས་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་བཏང་བ་མ་ཟད། རྒྱལ་ནང་གི་དྲག་ཆས་མི་སྣ་ཚར་གཅོད་བྱེད་རྒྱུའི་དམ་བཅས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།