ཀྲུང་གོ་བོད་ཀྱི་དྲ་བ།

ཨོ་སི་ཁྲུ་ལི་ཡའི་ཚོང་དོན་ལས་རིགས་མི་སྣས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་ཨོ་སི་ཁྲུ་ལི་ཡར་མི་སེམས་འགུལ་བའི་གོ་སྐབས་མཁོ་འདོན་བྱས་ཡོད་ཅེས་བཤད་པ།

ཡོང་ཁུངས། : བོད་ལྗོངས་གསར་འགྱུར་དྲ་བ།     སྤེལ་དུས། : 2017-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁན་པེ་ར་ནས་ཟླ་4ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་ཨོ་སི་ཁྲུ་ལི་ཡར་མི་སེམས་འགུལ་བའི་གོ་སྐབས་མཁོ་འདོན་བྱས་པ་དེས་ཨོ་སི་ཁྲུ་ལི་ཡའི་ཁེ་ལས་ཀྱིས་ཀྲུང་གོ་དང་ཚོང་དོན་འབྲེལ་བར་ཤུགས་སྣོན་རྒྱག་ཐུབ་པ་མ་ཟད། ཁོང་ཚོར་རྒྱལ་ཁབ་གསུམ་པའི་འཕེལ་རྒྱས་ཀྱི་གོ་སྐབས་འཕྲད་ཡོད། ཨོ་སི་ཁྲུ་ལི་ཡའི་ལས་རིགས་རིགས་གཅིག་མཁས་ཅན་གྱིས་ཉེ་དུས་ཤིན་ཧྭ་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་གོང་གསལ་གྱི་ལྟ་བ་དེའི་སྐོར་རྒྱས་བཤད་བྱས་པ་རེད།

ཨོ་སི་ཁྲུ་ལི་ཡའི་ཨོ་རུའེ་ཁའེ་ཀུང་སིའི་ཏུང་ཧྲི་ཚོགས་པའི་ཀྲུའུ་ཞི་མཱ་ཁོ་མུའུ·པུ་ལུའུ་མུའུ་ཧེ་ཏེས་ཨོ་སི་ཁྲུ་ལི་ཡའི་ཚོང་དོན་ལས་རིགས་ཀྱིས་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་རྦད་དེ་རྒྱབ་སྐྱོར་བྱ་རྒྱུ་ཡིན། གང་ཡིན་ཞེ་ན། གྲོས་འགོ་དེས་ཨེ་ཤེ་ཡ་དང་། ཡོ་རོབ། ཨ་ཧྥེ་རི་ཁ་སོགས་རྒྱལ་ཁབ་ཁག་ལ་ཐུན་མོང་འཕེལ་རྒྱས་དང་གྲ་རྒྱས་ཀྱི་གོ་སྐབས་མཁོ་འདོན་བྱེད་ཐུབ་པས་ཡིན་ཞེས་བཤད། ཁོང་གིས་རྒྱལ་ཁབ་དང་ས་ཁུལ་52ཀྱི་གཉེར་སྐྱོང་གཏེར་ལས་ཞབས་ཞུ་ཀུང་སིའི་ངོས་ནས་བརྗོད་ན། ཨོ་རུའེ་ཁའེ་ཀུང་སིའི་ངོས་ནས་བརྗོད་ན། དར་གོས་ལམ་བུའི་དཔལ་འབྱོར་ཁུལ་བསྐྲུན་རྒྱུ་དེས་ཨེ་ཤེ་ཡ་དབུས་མའི་ས་ཁུལ་ལ་ཚོང་ལས་ཀྱི་གོ་སྐབས་ཆེན་པོ་འཕྲད་རྒྱུ་རེད་ཅེས་བཤད།

ཁོང་གིས“‘རྒྱུད་གཅིག་ལམ་གཅིག’དེ་ཞབས་ཞུའི་ལས་རིགས་ཀུང་སིའི་ངོས་ནས་བརྗོད་ན་གོ་སྐབས་ཆེན་པོ་ཞིག་རེད། གྲོས་འགོ་འདི་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་དང་འབྲེལ་བ་ཡོད་པ་མ་ཟད། རྒྱལ་ཁབ་གསུམ་པ་དང་ཡང་འབྲེལ་བ་ཡོད”ཅེས་བཤད།

པུ་ལུའུ་མུའུ་ཧེ་ཏེས་ད་དུང་ཨོ་སི་ཁྲུ་ལི་ཡའི་བྱང་རྒྱུད་གསར་སྤེལ་ཐད“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་ནང་ནས་ཕན་པ་ཐོབ་ཡོད་ཅེས་བཤད་ཅིང་། ཁོང་གིས་ཨོ་སི་ཁྲུ་ལི་ཡའི་བྱང་རྒྱུད་ཀྱི་ཁུན་ཧྲེ་ལན་ཀྲོའུ་ཡི་འགྲམ་དུ་སྐྲུན་པའི་གནམ་ཐང་གསར་པ་དེ་བརྒྱུད་ནས་ས་གནས་དེའི་ཞིང་ཞོར་ཐོན་ཟོག་སོས་པ་གནམ་གྲུ་ནས་ཧྲང་ཧའེ་རུ་ཐད་ཀར་དབོར་གྱི་ཡོད་ལ། ཉིན་གཅིག་ནང་ཧྲང་ཧའེ་གྲོང་མིའི་གསོལ་ལྕོག་ཐོག་བཤམས་ཐུབ་ཀྱི་ཡོད་ཅེས་དཔེ་དྲངས་ནས་བཤད།

ཨོ་སི་ཁྲུ་ལི་ཡ་སྲིད་གཞུང་གི་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་ལས་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ཏེ་ཝུའེ་ཨོར་སན་གྱིས་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་རྒྱུ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་འབྲེལ་བ་དམ་ཟབ་ཡོད། ཨོ་སི་ཁྲུ་ལི་ཡར་མ་དངུལ་དོ་དམ་བྱེད་པའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པས་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་གྱུར་རྒྱུ་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་དེ་བས་ལེགས་པའི་སྒོ་ནས་ཞུགས་ཐུབ་ཅེས་བཤད།

ཨོར་སན་གྱིས་ཨོ་སི་ཁྲུ་ལི་ཡའི“བྱང་རྒྱུད་ཐོན་འབྱེད་ཆེ་མོའི”འཆར་གཞི་དེ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་སྦྲེལ་མཐུད་བྱེད་ཆོག་པ་ཞིག་རེད། དེའི་ཐད་སྒེར་གཉེར་ཁེ་ལས་སྐུལ་འདེད་སྟོབས་ཤུགས་གཙོ་བོར་གྱུར་ཆོག་ཅིང་། གང་ཡིན་ཞེ་ན“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུའི་ནང་ཞུགས་ཚེ་ཁོང་ཚོར་ཚོང་ལས་ཐད་ཁེ་ཕན་ཐོབ་རྒྱུ་ཡིན་པ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་གཞི་ཆེན་པོ་དེར་ཨོ་སི་ཁྲུ་ལི་ཡའི་སྲིད་གཞུང་གིས་འབྲེལ་ཡོད་ཡིག་ཆ་བཟོས་ནས་སྦྲེལ་མཐུད་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པའི་ངོས་འཛིན་བྱས།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།