ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་ཡུལ་སྐོར་ལས་རིགས་ཀྱི་འགྲན་རྩོད་ནུས་པ་གོ་ལ་ཧྲིལ་པོའི་ཨང་15པར་སླེབས་ཡོད་ཅེས་བརྗོད་པ།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།     སྤེལ་དུས། : 2017-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས།

ཀྲུང་གོའི་ཡུལ་སྐོར་ལས་རིགས་ཀྱི་འགྲན་རྩོད་ནུས་པ་གོ་ལ་ཧྲིལ་པོའི་ཨང་15པར་སླེབས་ཡོད་ཅེས་བརྗོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་ཉེ་ཆར་ཡོངས་བསྒྲགས་བྱས་པའི《2017ལོའི་ཡུལ་སྐོར་ལས་རིགས་ཀྱི་འགྲན་རྩོད་ནུས་པའི་སྙན་ཞུའི》ནང་ཀྲུང་གོའི་ཡུལ་སྐོར་ལས་རིགས་ཀྱི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་ཕྱིན་ནས་གོ་ལ་ཧྲིལ་པོའི་མིང་རིམ་ཨང་15པར་སླེབས་ཡོད་ཅེས་འཁོད་ཡོད་པ་རེད།

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་དེ་ཉིན་ཡོངས་བསྒྲགས་བྱས་པའི་ལོ་གཉེས་རེའི་སྙན་ཞུ་དེས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་136གིས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཏོད་པའི་གཏིང་ཤུགས་ལ་དབྱེ་ཞིབ་བྱས་ཡོད་པ་དང་འབྲེལ་ཡུལ་སྐོར་ཁོར་ཡུག་དང་། སྲིད་ཇུས་ཀྱི་ཆ་རྐྱེན། རྨང་གཞིའི་སྒྲིག་བཀོད། རང་བྱུང་ཐོན་ཁུངས་སོགས་ཁྱབ་ཁོངས་བཞིའི་མཚོན་ཚུལ་ལ་ཕྱོགས་བསྡུས་བྱས་ནས་མིང་རིམ་ཕྱེ་ཡོད་པ་རེད། ཀྲུང་གོའི་མིང་རིམ་གསར་ཤོས་དེ་2015ལོ་ལས་རིམ་པ་གཉིས་མཐོ་རུ་ཕྱིན་ཡོད་པ་རེད།

ཞིབ་ཕྲའི་དམིགས་ཚད་ཀྱི་ཐོག་ནས་བལྟས་ཚེ་ཀྲུང་གོའི་རིག་གནས་ཐོན་ཁུངས(ཨང་དང་པོར་སླེབས་པ)དང་རང་བྱུང་ཐོན་ཁུངས(ཨང་ལྔ་པར་སླེབས་པ)ཀྱི་མིང་རིམ་མདུན་གྲལ་དུ་སླེབས་ཡོད་པ་རེད། ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་རྒྱལ་སྤྱིའི་སྒོ་འབྱེད་ཚད་གཞི་དང་། ཆ་འཕྲིན་འཕྲིན་གཏོང་། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་བཅས་ཀྱི་ཆུ་ཚད་དང་ཡུལ་སྐོར་བར་ཞབས་འདེགས་ཞུ་བའི་ཆུ་ཚད་སོགས་ཐད་ཀྱི་ཀྲུང་གོའི་ཡུལ་སྐོར་ཐོན་ལས་ཀྱི་ཆུ་ཚད་གོང་མཐོར་ཕྱིན་ཡོད་པ་རེད།

ས་ཁུལ་གྱི་ཐོག་ནས་བལྟས་ཚེ་ཡོ་རོབ་རྒྱལ་ཁབ་ཁག་གི་ཡུལ་སྐོར་ལས་རིགས་ཀྱི་འགྲན་རྩོད་ནུས་པའི་ལེགས་ཆ་སྔར་བཞིན་ཧ་ཅང་མངོན་གསལ་དོད་པོ་ཡོད་པ་དང་། མཚོན་ཚུལ་ཡག་ཤོས་ནི་ཨེ་ཤེ་ཡའི་ཡུལ་སྐོར་ཁྲོམ་ར་འཕར་བའི་མྱུར་ཚད་དང་གཞི་ཁྱོན་ཡོ་རོབ་ཕུད་པའི་ཨང་གཉིས་པར་སླེབས་ནས་གོ་ལ་ཧྲིལ་པོར་གསོན་ཤུགས་ལྡན་ཤོས་དང་མཛའ་མཐུན་ལྡན་ཤོས་ཀྱི་ཡུལ་སྐོར་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད། དེའི་ནང་2016ལོར་ཀྲུང་གོར་ཡུལ་སྐོར་དུ་ཡོང་མཁན་རྒྱལ་སྤྱིའི་ཡུལ་སྐོར་བ་མི་ཐེངས་ཁྲི་5700ཙམ་ཟིན་ནས་ཨེ་ཤེ་ཡ་ས་ཁུལ་གྱི་མི་ཐེངས་བསྡོམས་འབོར་གྱི་20%ཡན་བཟུང་ཡོད་པ་རེད།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།