ཀྲུང་གོ་བོད་ཀྱི་དྲ་བ།

ལེ་པཱ་ནུན་གྱི་ཙུང་ཐུང་གིས་ཟླ་གཅིག་གི་རིང་གྲོས་ཁང་གི་བྱ་འགུལ་གནས་སྐབས་སུ་མཚམས་འཇོག་རྒྱུ་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་གྱི་ཙུང་ཐུང་ཨོ་ཨིན་གྱིས་ཚེས་བཅུ་གཉིས་ཉིན་གྲོས་ཁང་གི་བྱ་འགུལ་ཟླ་གཅིག་རིང་གནས་སྐབས་སུ་མཚམས་བཞག་སྟེ། ལེ་པཱ་ནུན་གྱི་ཕྱོགས་ཁག་སོ་སོས་དུས་ཚོད་མང་བོ་བཀོལ་ནས་འདེམ་བསྐོའི་བཅའ་ཁྲིམས་གསར་བར་གྲོས་འཆམ་འབྱུང་བར་རེ་སྒུག་བྱས་ཡོད་ཟེར།

ཨོ་ཨིན་གྱིས་ཉིན་དེར་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ་བཤད་རྒྱུར། རྩ་ཁྲིམས་ལས་བསྩལ་བའི་དབང་ཤུགས་ལྟར་དུ། ཁོས་ཟླ་ངོ་གཅིག་གི་རིང་གྲོས་ཁང་གི་བྱ་འགུལ་གནས་སྐབས་སུ་མཚམས་འཇོག་རྒྱུ་ཐག་བཅད་པ་ཡིན་ཟེར། ཨོ་ཨིན་གྱིས་བཤད་རྒྱུར། ཁོས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བའི་སྐབས་སུ་འདེམ་བསྐོའི་བཅའ་ཁྲིམས་གསར་བ་གཏན་འབེབས་བྱེད་པར་བརྩོན་ལེན་བྱེད་རྒྱུ་ཚུལ་བསྟན་མྱོང་ཟེར།

ལེ་པཱ་ནུན་གྱི་རྩ་ཁྲིམས་ལྟར་ན། ཙུང་ཐུང་གིས་གྲོས་ཁང་ལ་གྲོས་ཚོགས་རྗེས་སུ་སྣུར་བའི་རེ་བ་བཏོན་ཆོག་ཀྱང་། ཡུན་ཚད་ཟླ་ངོ་གཅིག་ལས་བརྒལ་མི་རུང་བ་རེད། སྐབས་གཅིག་གི་གྲོས་ཁང་འགན་ཡུན་ནང་། ཙུང་ཐུང་གིས་དབང་ཆ་དེ་ཐེངས་གཅིག་ལ་མ་གཏོགས་བཀོལ་མི་རུང་།

བསྒྲགས་པ་ལྟར་ན། ཨོ་ཨིན་གྱིས་ཐེངས་འདིར་གྲོས་ཁང་གི་བྱ་འགུལ་གནས་སྐབས་སུ་མཚམས་འཇོག་པར་ཐག་བཅད་ནི། གྲོས་ཁང་གིས་ཚེས་བཅུ་གསུམ་ཉིན་གྲོས་ཚོགས་བསྡུས་ཏེ་སྐབས་འདིའི་གྲོས་ཁང་གི་འགན་ཡུན་ཡང་བསྐྱར་ལོ་གཅིག་གིས་ཇེ་རིང་དུ་གཏོང་རྒྱུ་གཏན་འཁེལ་བྱས་ཡོད་པས་རེད་ཟེར།

ཚེས་བཅུ་གཉིས་ཉིན་གྱི་དགོང་མོར། ལེ་པཱ་ནུན་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་པེ་ལི་ཡིས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ཁོས་ཙུང་ཐུང་ཨོ་ཨིན་གྱི་ཆོད་དོན་ལྟར་ཚེས་བཅུ་གསུམ་ཉིན་གྱི་གྲོས་ཁང་གི་གྲོས་ཚོགས་དེ་ཟླ་ལྔ་བའི་ཚེས་བཅོ་ལྔར་རྗེས་སུ་སྣུར་ཡོད་ཟེར། པེ་ལི་ཡིས་བསྟན་དོན། ཨོ་ཨིན་གྱི་ཆོད་དོན་དེའི་དམིགས་ཡུལ་ནི་ལེ་པཱ་ནུན་གྱི་ཕྱོགས་ཁག་སོ་སོས་དུས་ཚོད་རིང་བོ་བཀོལ་ནས་འདེམ་བསྐོའི་བཅའ་ཁྲིམས་གསར་བར་གྲོས་མཐུན་འགོད་པར་འགན་སྲུང་བྱེད་པའི་ཆེད་དུ་རེད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།