ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་སི་རི་ཡཱ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མགོ་བ་ཞིག་བསད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་དམག་དཔུང་གི་ཀྲུང་དབྱང་དམག་སྤྱི་ཁང་གི་མགྲིན་ཚབ་པ་ཐའོ་མཱ་སི་ཡིས་ཚེས་ཉེར་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། ཟླ་འདིའི་ཟླ་མགོར། ཨ་མེ་རི་ཁས་སི་རི་ཡཱ་ནས་གསང་བའི་ས་ངོས་ཀྱི་འཇབ་རྒོལ་འགུལ་སྐྱོད་ཅིག་སྤེལ་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཆེས་མཐོའི་མགོ་ཁྲིད་པ་པཱ་ཀི་ཏཱ་ཏིས་ལ་འབྲེལ་བ་ཟབ་ཅིང་། ད་ལོའི་ལོ་མགོར་ཐུར་ཁེའི་འཇིགས་སྐུལ་འཇབ་རྒོལ་ལ་ཐད་ཀར་དུ་འབྲེལ་བ་ཡོད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མགོ་བ་ཞིག་བསད་ཟེར།

ཐའོ་མཱ་སི་ཡིས་བཤད་རྒྱུར། མི་དེའི་མིང་ལ་ཨ་པུའུ་ཏུའུ་ལཱ་ཧི་མན་ཝུའུ་ཙི་པེ་ཁི་ཟེར་བ་དང་། ཝུའུ་ཙི་པེ་ཁི་རྒྱལ་ཁབ་ནས་ཡོང་བ་ཡིན་པ་རེད། ཟླ་འདིའི་ཚེས་དྲུག་ཉིན་སི་རི་ཡཱའི་མེད་ཡཱ་ཏེན་ཉེ་འདབས་ཀྱི་ས་ངོས་འཇབ་རྒོལ་དོན་རྐྱེན་ཞིག་གི་ཁྲོད་བསད་པ་ཡིན་ཟེར།

བསྒྲགས་པ་ལྟར་ན། ཐའོ་མཱ་སི་ཡིས་འཇབ་རྒོལ་འགུལ་སྐྱོད་དེ་ནི་ས་ངོས་ཀྱི་འགུལ་སྐྱོད་ཅིག་ཡིན་པ་ཁས་ལེན་བྱས་པ་ལས་གཞན། ཁོས་དཔྱད་བརྗོད་མང་དུ་སྤེལ་མེད་ལ། ཨ་པུའུ་ཏུའུ་ལཱ་ཧི་མན་ཝུའུ་ཙི་པེ་ཁི་བར་སྣང་འཇབ་རྒོལ་ལས་ཤི་བ་མིན་པ་བདེན་དཔང་བྱས་པ་ཙམ་ཡིན་ཟེར།

ད་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་གྱི་ཞོགས་པར། ཐུར་ཁེའི་དབྱི་སི་ཐན་པོར་གྱི་ལོས་ནཱ་མཚན་མོའི་སྤྲོ་སྐྱིད་ཁང་དུ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། མི་སོ་དགུ་རྐྱེན་ལམ་དུ་ཤོར། དེའི་རྗེས་སུ་ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་ཟླ་དང་པོའི་ཚེས་བཅུ་བདུན་ཉིན་འཇབ་རྒོལ་མཁན། ཝུའུ་ཙི་པེ་ཁི་སི་ཐན་གྱི་མི་མཱ་ཧྲི་ལི་པའོ་ཧྥུའུ་འཛིན་བཟུང་བྱས་པ་རེད།

ཐའོ་མཱ་སི་ཡིས་བཤད་རྒྱུར། ཨ་པུའུ་ཏུའུ་ལཱ་ཧི་མན་ཝུའུ་ཙི་པེ་ཁི་ཡིས་དབྱི་སི་ཐན་པོར་གྱི་འཇབ་རྒོལ་དོན་རྐྱེན་དེ་སྤེལ་བར་རོགས་རམ་བྱས་པས། ཁོ་འཇིགས་སྐུལ་འཇབ་རྒོལ་དེར་འབྲེལ་བ་ཡོད་པ་བསྙོན་མེད་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།