ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱིས་མཱ་ཀྲ་ལི་ཧྲ་ལི་ཧྥུའུ་ཡི་འཇབ་རྒོལ་དོན་རྐྱེན་ཁྲོད་ཀྱི་འདས་པོར་རྒྱལ་ཡོངས་ནས་མྱ་ངན་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་ཡིས་ཚེས་ཉེར་གསུམ་ཉིན་བཀའ་རྒྱ་བཀོད་དེ། ཉིན་དེ་ནི་རྒྱལ་ཡོངས་ཀྱི་མྱ་ངན་ཉིན་མོར་ཁྱབ་སྒྲོག་བྱས་ཏེ། ཚེས་ཉེར་གཅིག་ཉིན་བྱང་ཕྱོགས་ཀྱི་པཱ་ཨར་ཧི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་མཱ་ཀྲ་ལི་ཧྲ་ལི་ཧྥུའུ་ཡི་འཇབ་རྒོལ་དོན་རྐྱེན་ཁྲོད་ཀྱི་འདས་པོར་མྱ་ངན་ཞུས།

ཙུང་ཐུང་གི་བཀའ་རྒྱ་ལྟར་ན། མྱ་ངན་ཞུ་བའི་ཉིན་དེར་རྒྱལ་ཡོངས་ནས་དར་ཆ་ཕྱེད་ཙམ་མར་ཕབ་དགོས་པ་དང་། མྱ་ངན་བྱ་འགུལ་དེ་ས་ཁུལ་སོ་སོའི་དབྱི་སི་ལན་ཆོས་ཁང་དུ་སྤེལ་དགོས་ལ། རིག་གནས་ལས་ཁུངས་དང་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱིས་སྤྲོ་སྐྱིད་ཀྱི་ལེ་ཚན་ཚང་མ་མཚམས་འཇོག་དགོས་པ་རེད།

ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ་ཡང་བསྐྱར་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་བཏང་། གསལ་སྒྲོག་ལས་བཤད་རྒྱུར། ཨ་ཧྥུའུ་ཧན་སྲིད་གཞུང་དང་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཆེད་རང་སྲོག་བློས་བཏང་བའི་དམག་མིར་མྱ་ངན་ཞུས་པ་དང་། བདེ་འཇགས་དམག་དཔུང་གིས་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོར་འཇིགས་སྐུལ་རྩ་འཛུགས་ཀྱི་རྗེས་འདེད་བྱེད་བཞིན་ཡོད་ཟེར།

ཚེས་ཉེར་གཅིག་ཉིན། དྲག་ཆས་ཉེས་ཅན་སྐོར་ཞིག་བདེ་འཇགས་མི་སྣར་བརྫུས་ཤིང་རླངས་འཁོར་བསྐོར་ཏེ་མཱ་ཀྲ་ལི་ཧྲ་ལི་ཧྥུའུ་རུ་ཡོད་པའི་ཨ་ཧྥུའུ་ཧན་རྒྱལ་དམངས་དམག་དཔུང་གི་བཅའ་སྡོད་བྱེད་སར་ཡོང་ནས། བཅའ་སྡོད་བྱེད་སའི་དབྱི་སི་ལན་ཆོས་ཁང་དང་ཟ་ཁང་ལ་དཔུང་འཇུག་བྱས་པར་མ་ཟད། བཅའ་སྡོད་ས་ཁུལ་གྱི་དམག་མིའི་བར་འཁྲུག་རྩོད་དྲག་པོ་བྱས། ཚེས་ཉེར་གཉིས་ཉིན་བསྒྲགས་པ་ལྟར་ན། འཇབ་རྒོལ་དོན་རྐྱེན་དེ་ལས་ཉུང་མཐར་ཡང་མི་བརྒྱ་དང་སོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་དྲུག་ཅུ་ལྷག་ལ་རྨས་ཕོག་ཡོད་ཟེར། གཞན་ཡང་ཨ་ཧྥུའུ་ཧན་རྒྱལ་སྲུང་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཉུང་མཐར་ཡང་དྲག་ཆས་ཉེས་ཅན་ལྔ་འཁྲུག་རྩོད་ཁྲོད་བསད་པ་དང་དྲག་ཆས་པ་གཅིག་འཛིན་བཟུང་བྱས་ཡོད་ཟེར།

ཐཱ་ལེ་པན་དྲག་ཆས་རྩ་འཛུགས་ཀྱིས་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་པ་དང་། འཇབ་རྒོལ་དོན་རྐྱེན་དེ་ལས་ཉུང་མཐར་ཡང་རྒྱལ་དམངས་དམག་དཔུང་གི་དམག་མི་ལྔ་བརྒྱར་ཤི་རྨས་ཐེབས་ཡོད་ཟེར། རྩ་འཛུགས་དེས་ད་རུང་གསལ་སྒྲོག་སྤེལ་ཏེ། ཐཱ་ལེ་པན་གྱི་དྲག་ཆས་པ་བཞི་དུས་ཡུན་རིང་བོར་དམག་དཔུང་ཁྲོད་སྦས་སྐོང་བྱས་ཡོད་པས། བཅའ་སྡོད་བྱེད་སར་ཆ་རྒྱུས་ཆེན་པོ་ཡོད་ལ། འཇབ་རྒོལ་དོན་རྐྱེན་དེའི་འཆར་འགོད་ཧྲིལ་བོར་ཞུགས་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།