ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་དང་ཨུ་རུ་སིའི་མགོ་ཁྲིད་པས་ཁ་པར་བརྒྱུད་དེ་སི་རི་ཡཱའི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་གཉིས་ཉིན་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་། དེ་ནི་ཐི་ལིང་ཕུའུ་ཡིས་ལས་འགན་ཁུར་བའི་ཚུན་ལ་ཁོ་གཉིས་ཀྱིས་སྤེལ་བའི་ཁ་པར་གྲོས་མོལ་ཐེངས་གསུམ་པ་ཡིན་ལ། ཨ་མེ་རི་ཁས་སི་རི་ཡཱའི་སྲིད་གཞུང་དམག་དཔུང་ལ་དམག་དོན་འགུལ་སྐྱོད་སྤེལ་བའི་ཚུན་གྱི་ཁ་པར་གྲོས་མོལ་ཐོག་མ་རེད།

ཕོ་བྲང་དཀར་པོས་ཉིན་དེར་གསལ་སྒྲོག་ཅིག་གི་ནང་བསྟན་དོན། ཐི་ལིང་ཕུའུ་དང་ཕུའུ་ཅིན་གྱིས་ཁ་པར་གྲོས་མོལ་བྱེད་སྐབས་གཙོ་བོ་སི་རི་ཡཱའི་གནད་དོན་ལ་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་བསྟན་དོན། སི་རི་ཡཱའི་འཐབ་འཁྲུག་བྱུང་ནས་ཡུན་རིང་འགོར་བ་དང་། ཕྱོགས་སོ་སོས་ངེས་པར་དུ་གང་ནུས་ཀྱིས་དྲག་ཤུགས་མཚམས་འཇོག་པར་འབད་བརྩོན་བྱེད་དགོས་པའི་ཚུལ་བསྟན། གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་ཁ་པར་གྲོས་མོལ་ནི་མགོ་ཁྲིད་པ་གཉིས་ཀྱི་འབྲེལ་འདྲིས་ཀྱི་གོ་སྐབས་ཆེས་བཟང་བོ་ཞིག་ཡིན་པ་དང་། ཁོ་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་བདེ་འཇགས་ས་ཁུལ་འཛུགས་པའི་གནད་དོན་ལ་བརྟེན་ནས་སི་རི་ཡཱའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཞི་འཇགས་སུ་གཏོང་བར་གྲོས་བསྡུར་བྱས། ཨ་མེ་རི་ཁའི་ཕྱོགས་ཀྱིས་འཐུས་མི་ཞིག་མངག་ནས་ཟླ་འདིའི་ཚེས་གསུམ་ནས་ཚེས་བཞིའི་ཉིན་བར་ཧཱ་སག་སི་ཐན་གྱི་ཨ་སི་ཐཱ་ནཱ་ནས་སྤེལ་རྒྱུ་ཡིན་པའི་སི་རི་ཡཱའི་གནད་དོན་གྱི་གྲོས་ཚོགས་ཐེངས་བཞི་བར་ཞུགས་སུ་འཇུག་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཐི་ལིང་ཕུའུ་དང་ཕུའུ་ཅིན་གཉིས་ཀྱིས་དབུས་ཤར་ས་ཁུལ་གྱིས་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་གནད་དོན་ཐད་ནས་གྲོས་བསྡུར་ཞིབ་ཏུ་བྱས། དེ་ལས་གཞན་ཕྱོགས་གཉིས་ཀྱིས་ད་རུང་ཁྲའོ་ཞན་ཕྱེད་གླིང་གི་བདེ་འཇགས་གནས་བབ་གནད་དོན་ལ་གྲོས་བསྡུར་བྱས། ཕུའུ་ཅིན་གྱིས་ཕྱོགས་སོ་སོས་རང་ཚོད་བཟུང་སྟེ། ཕྱི་འབྲེལ་བར་འདུམ་གྱི་ཐབས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། ཕུའུ་ཅིན་དང་ཐི་ལིང་ཕུའུ་གཉིས་ཀྱིས་མུ་མཐུད་དུ་ཁ་པར་བརྒྱུད་དེ་འབྲེལ་འདྲིས་བྱེད་པར་འཐད་པ་བྱུང་བ་དང་། ད་ལོའི་ཟླ་བདུན་པར་འཇར་མན་གྱི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་སྐབས་སུ་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཐེངས་འདིའི་ཁ་པར་གྲོས་མོལ་མ་བྱས་གོང་། ཐི་ལིང་ཕུའུ་དང་ཕུའུ་ཅིན་གཉིས་ཀྱིས་སོ་སོར་ད་ལོའི་ཟླ་དང་པོ་དང་ཟླ་བཞི་བའི་ནང་ཁ་པར་གྲོས་མོལ་ཐེངས་གཉིས་བྱས། ཐེངས་འདིའི་ཁ་པར་གྲོས་མོལ་ཁྲོད། ཐི་ལིང་ཕུའུ་དང་ཕུའུ་ཅིན་གཉིས་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བ་དང་། སི་རི་ཡཱ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་གཏན་འཇགས་ལ་ཡར་སྐུལ་གཏོང་བའི་ཐད་གྲོས་བསྡུར་བྱས། ཟླ་བཞི་བའི་ཚེས་གསུམ་ཉིན་ཨུ་རུ་སིའི་ཧྲིན་པིས་ཏི་པའོ་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་རྗེས། ཐི་ལིང་ཕུའུ་ཡིས་ཕུའུ་ཅིན་ལ་ཁ་པར་བཏང་སྟེ། འདས་པོར་མྱ་ངན་ཞུས།

ཐི་ལིང་ཕུའུ་ཡིས་ལས་འགན་ཁུར་རྗེས། ཨ་མེ་རི་ཁ་དང་ཨུ་རུ་སིའི་འབྲེལ་བ་ལེགས་བཅོས་བྱེད་པར་བརྩོན་ལེན་བྱས་ཀྱང་ངོ་བོ་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་མེད། ཐི་ལིང་ཕུའུ་ཡིས་ཟླ་བཞི་བར་ཨ་མེ་རི་ཁ་དང་ཨུ་རུ་སིའི་འབྲེལ་བ་དེ་ལོ་རྒྱུས་སྟེང་ཆེས་མི་བཟང་བའི་སྐབས་ཡིན་པར་བརྗོད་པ་རེད། ཟླ་དེར་ཨ་མེ་རི་ཁའི་དམག་དཔུང་གིས་ཁྲིམས་འགལ་གྱིས་རྫས་འགྱུར་མཚོན་ཆ་བེད་སྤྱོད་བཏང་བ་རྒྱུ་མཚན་དུ་བྱས་ཏེ་སི་རི་ཡཱའི་སྲིད་གཞུང་དམག་དཔུང་ལ་དམག་དོན་ཆམ་ཕབ་བཏང་བ་དང་། དོན་དེར་ཨུ་རུ་སི་ཡིས་ཧ་ཅང་མི་འཐད་པའི་ཚུལ་བསྟན།

ཁི་ལི་མུའུ་ལིན་ཕོ་བྲང་གིས་བསྟན་དོན། ཐེངས་འདིའི་ཁ་པར་གྲོས་མོལ་ནི་དངོས་གཉེར་དང་འཛུགས་སྐྲུན་རང་བཞིན་ལྡན་པ་ཞིག་རེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།