ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁོངས་ནེ་པ་ལའི་བོད་རིགས་སྤུན་ཟླས་བོད་རུམ་ལ་བཅངས་པའི་བརྩེ་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “བོད་རུམ་གྱི་རིག་གནས་ནི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད་ལ། ངེད་ཚོ་བོད་རིགས་ངལ་རྩོལ་མི་དམངས་ཀྱི་བློ་གྲོས་ཀྱི་སྙིང་བཅུད་ཀྱང་རེད། ངས་བོད་རུམ་གྱི་ཚོང་བརྒྱབ་ནས་ལོ་སུམ་ཅུ་ལྷག་ཙམ་འགྲོ་གི་འདུག མ་ཟད་བོད་རུམ་གྱི་རིག་གནས་སྲུང་སྐྱོབ་བྱེད་པའི་ཐད་འབད་བརྩོན་ཕྲན་བུ་བྱེད་འདོད་ཡོད” སྤེལ་རེས་ཡང་ཡང་བྱས་པ་བརྒྱུད་ཚེ་བརྟན་གྱིས་བོད་རུམ་གྱི་རིག་གནས་སྲུང་སྐྱོབ་བྱེད་པའི་གལ་ཆེའི་རང་བཞིན་རྟོགས་ནས“རང་ཉིད་ཀྱིས་འབད་བརྩོན་བྱས་པ་བརྒྱུད་ཕ་ཡུལ་བོད་དུ་བོད་རུམ་རྟེན་རྫས་བཤམས་མཛོད་ཁང་ཞིག་གསར་སྐྲུན་བྱེད་རྩིས་ཡོད”ཅེས་བཤད།

      ཚེ་བརྟན་གྱི་ཕ་ཡུལ་ནི་བོད་ལྗོངས་མངའ་རིས་ས་ཁུལ་ནས་ཡིན་པ་དང་རྗེས་སུ་གཞིས་རྩེ་གྲོང་ཁྱེར་གཉའ་ལམ་རྫོང་དུ་གནས་སྤོས་པ་རེད། ཚེ་བརྟན་མ་སྐྱེས་གོང་ནང་མི་ཚང་མ་ནེ་པ་ལར་གནས་སྤོས་པས་1972ལོར་ཚེ་བརྟན་ནེ་པ་ལར་སྐྱེས་པ་དང་རྒྱལ་ཁོངས་ནེ་པ་ལའི་བོད་རིགས་ཚོང་པ་ཞིག་ཏུ་གྱུར།
     ཁྱིམ་རྒྱུད་ཀྱི་སྲོལ་རྒྱུན་ཚོང་གཉེར་ལས་ཀའི་ཤུགས་རྐྱེན་འོག་སློབ་གྲྭ་ཆེ་མོ་ཐོན་རྗེས་ལོ་17ལ་སླེབས་པའི་ཚེ་བརྟན་གྱིས་ནེ་པ་ལར་བོད་རུམ་གྱི་ཚོང་བརྒྱབ་པ་དང་ལོ་གཉིས་རིང་ཚེ་འདིའི་ཡོང་འབབ་དང་པོ་ཨ་སྒོར་ཁྲི་8བྱུང་ཡོད། དེ་རྗེས་ཚེ་བརྟན་གྱི་བོད་རུམ་གྱི་ཚོང་ལས་གཞི་ཁྱོན་རིམ་བཞིན་ཆེ་རུ་ཕྱིན་ནས་དེ་སྔོན་ལོ་ཁ་ཤས་བསྟུད་མར་ནེ་པ་ལའི་བོད་རུམ་ཕྱིར་ཚོང་བྱེད་ཚད་ཀྱི་མདུན་གྲལ་དུ་སླེབས་ཡོད།
     ལོ་ན་ཆེ་རུ་འགྲོ་བ་དང་སྦྲགས་ཚེ་བརྟན་གྱི་ཕ་ཡུལ་དྲན་སེམས་ཉིན་བཞིན་ཆེ་རུ་སོང་ནས་2004ལོར་ཁོང་གིས་རང་ཉིད་ཀྱི་བོད་རུམ་ཁྱེར་ནས་ཕ་ཡུལ་བོད་དུ་ལོག་པ་མ་ཟད་ཀུང་སིའང་བཙུགས། “ས་གདན་དང་། འགེལ་རུམ། ཁ་གདན་སོགས་ནི་བོད་རིགས་ཀྱི་འཚོ་བའི་མཁོ་ཆས་རེད། དེས་ན་ནེ་པ་ལར་ཡང་བོད་རིགས་སྤུན་ཟླ་ཁག་གཅིག་འཚོ་སྡོད་བྱེད་ཀྱི་ཡོད་སྟབས་བོད་རིགས་སྤུན་ཟླའི་འཚོ་བའི་དགོས་མཁོ་དང་སྦྲགས་བོད་རུམ་ཡང་ས་ཆ་དེ་གར་འཕེལ་རྒྱས་སོང་ཡོད”ཁོང་གིས་མཐར་གཏུགས་ནས་བརྗོད་ན་བོད་རུམ་ནི་བོད་ནས་བྱུང་བ་དང་ད་བར་ལོ་2000ལྷག་ཙམ་གྱི་ལོ་རྒྱུས་ཡོད་ཅེས་བཤད།
     ཚེ་བརྟན་གྱིས་བོད་རིགས་ས་ཁུལ་ཡོངས་ཀྱི་བལ་ལས་བོད་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་དང་ནག་ཆུ་ས་ཁུལ་ཉི་མ་རྫོང་གི་བལ་གྱི་སྤུས་ཚད་ཡག་ཤོས་དང་སྣ་རིང་ཤོས་ཡིན་སྟབས་ལོ་ལྟར་ཁོང་གིས་ས་ཆ་དེ་གཉིས་ནས་བལ་ཏུན་4000ནས་5000བར་ཉོས་ཏེ་བོད་རུམ་འཐག་གི་ཡོད་ཅེས་ངོ་སྤྲོད་བྱས།
     ཚེ་བརྟན་གྱིས“ལོ་རྒྱུས་ཇི་ཙམ་རིང་བའི་བོད་རུམ་གྱི་ཚོས་གཞི་དེ་ཙམ་གྱིས་ཡག་པ་ཡོད”ཅེས་འགྲེལ་བཤད་བརྒྱབ་པ་དང་གནའ་རབས་ཀྱི་བོད་རུམ་ལ་གཏེར་ཚོས་རྒྱག་གི་ཡོད་པས་ཚོས་འགྱུར་སླ་པོ་མེད་པ་དང་དུས་ཡུན་རིང་པོའི་ངང་བེད་སྤྱོད་བྱས་པ་བརྒྱུད་ཚོས་གཞིའང་རང་ཤུགས་ཀྱིས་ཡག་ཏུ་འགྲོ་གི་ཡོད་ཅེས་འགྲེལ་བཤད་བརྒྱབ།
     ཚེ་བརྟན་གྱིས“སྲོལ་རྒྱུན་བོད་རུམ་གྱི་རི་མོའི་ཉམས་འགྱུར་ཐད་ཆོས་ལུགས་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ལ། མཛེས་རྒྱན་རི་མོ་སྣ་མང་ཕུན་སུམ་ཚོགས་པོ་ཡོད། སྔ་མོའི་སྐུ་དྲག་དང་ཆོས་ལུགས་ལ་ཕལ་ཆེ་བ་བྱ་འབྲུག་དང་། ལྷ་བྱ་ཁྲུང་ཁྲུང་། སྟག སེང་གེ་སོགས་ཀྱི་རི་མོས་བརྒྱན་པ་དང་དེས་ན་མི་སེར་དཀྱུས་མས་རི་ཆུ་དང་། མེ་ཏོག་དང་འདབ་ཆགས། བཀྲ་ཤིས་རྟགས་བརྒྱད་སོགས་ཀྱི་རི་མོ་ལས་བཀོལ་སྤྱོད་བྱེད་ཆོག་གི་མེད”ཅེས་བཤད།
     ཕྱི་རྒྱལ་གྱི་ཁྲོམ་ར་རྒྱ་སྐྱེད་འགྲོ་བ་དང་སྦྲགས་ཚེ་བརྟན་གྱིས་འཚོང་བའི་བོད་རུམ་གྱི་ཉམས་འགྱུར་ཡང་སྲོལ་རྒྱུན་གྱི་རྣམ་པ་ཙམ་མིན་པར་འཛད་སྤྱོད་པའི་དགོས་མཁོ་ལྟར་ལེགས་སུ་བཏང་བ་དང“ཡོ་རོབ་ཀྱི་འཛད་སྤྱོད་པས་རི་མོ་ཉུང་ཙམ་ཡོད་པར་དགའ་པོ་བྱེད་པ་དང་ཨ་རིའི་འཛད་སྤྱོད་པས་སྲོལ་རྒྱུན་གྱི་ཉམས་འགྱུར་ལྡན་པའི་བོད་རུམ་ལ་དགའ་པོ་བྱེད་ཀྱི་ཡོད”
     རང་ཉིད་ཀྱིས་བོད་དུ་བོད་རུམ་རྟེན་རྫས་བཤམས་མཛོད་ཁང་སྐྲུན་པའི་འདུན་པ་མངོན་འགྱུར་བྱ་ཆེད། ཚེ་བརྟན་གྱིས་ལོ་བརྒྱ་ཡན་གྱི་ལོ་རྒྱུས་ཡན་ལྡན་པའི་བོད་རུམ་བརྒྱ་ལྷག་ཙམ་ཉར་ཚགས་བྱས་ཡོད། བོད་རུམ་རྙིང་པ་དེ་དག་འཚོལ་བསྡུ་བྱ་ཆེད་ཚེ་བརྟན་གྱིས་རྒྱལ་ཁབ་ཕྱི་ནང་གི་དཔྱད་གཞི་མང་པོར་ཞིབ་འཇུག་བྱས་པར་ད་ཆ་ཁོང་གིས་ལོ་མང་སོང་བའི་བོད་རུམ་མཐོང་ཚེ་དེའི་ལོ་དུས་དང་དུས་སྐབས་དེར་ཐོན་པའི་བོད་རུམ་གྱི་ཁྱད་ཆོས་རྩ་བའི་ཆ་ནས་ཤོད་ཐུབ་ཀྱི་ཡོད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།