ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་ལོན་ཏོན་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་མཱ་ལིའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་ཚེས་བཅུ་གཅིག་ཉིན་ལོན་ཏོན་ནས་སྤེལ། ཐེངས་འདིའི་གྲོས་ཚོགས་ནས་གཙོ་བོ་སོ་མཱ་ལིའི་དབུལ་ཕོངས་གནད་དོན་དང་བདེ་འཇགས་གནས་བབ་ལ་དོ་སྣང་བྱས་པ་དང་། གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་སོ་སོ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་སོ་སོས་ཉིས་སྟོང་ཉི་ཤུ་ལོའི་སྔོན་ལ་མུ་མཐུད་དུ་སོ་མཱ་ལི་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཁས་ལེན་བྱས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚོགས་ཐོག་ནས་བསྟན་དོན། མིག་སྔར་སོ་མཱ་ལིའི་མི་ས་ཡ་དྲུག་ལྷག་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མཁོ་བ་དང་། རྒྱལ་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི་ཕྱེད་ཙམ་ཟིན་ཡོད། འཚོ་བཅུད་མི་འདང་བའི་བྱིས་པ་འབུམ་གཉིས་དང་ཁྲི་བདུན་ལྷག་ལྟོགས་སྐོམ་གྱི་འཇིགས་ཉེན་ལ་འཕྲད་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སོ་མཱ་ལིའི་ཐལ་སྤྱོད་རྩ་འཛུགས་ཀྱི་བཤུ་གཞོག་ཐེབས་པའི་བྱིས་པ་དང་ལོག་གཡེམ་ཐེབས་པའི་བུད་མེད། རང་ཁྱིམ་དང་ཁ་བྲལ་བའི་བུད་མེད་སོགས་ལ་སེམས་ཁུར་བྱེད་བཞིན་ཡོད་ཟེར།

སོ་མཱ་ལིའི་མདུན་དུ་ལྷགས་པའི་ཐན་སྐྱོན་གནད་དོན་ཐག་གཅོད་བྱེད་ཆེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉིན་དེར་གྲོས་ཚོགས་ལ་བཟོ་བཅོས་བྱས་རྗེས་ཀྱི་མི་ཆོས་རིང་ལུགས་ཀྱི་འཕྲལ་སྒྲུབ་འཆར་གཞི་ཞིག་སྤྲད་པ་དང་། ད་ལོའི་ལོ་མཇུག་གི་སྔོན་ལ་སོ་མཱ་ལི་ལ་མེ་སྒོར་དུང་ཕྱུར་དགུའི་རོགས་སྐྱོར་མ་དངུལ་ཁ་སྣོན་བྱས་ཏེ། རྒྱལ་ཁབ་དེའི་ཐན་སྐྱོན་དབང་གིས་འབུར་དུ་ཐོན་པའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐད་བཀོལ་རྒྱུ་ཡིན་ཟེར།

ཀུའུ་ཐི་ལོས་སི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སོ་མཱ་ལིའི་སྲིད་གཞུང་ལ་རོགས་རམ་བྱས་ཏེ་རྒྱལ་ཁབ་ཀྱི་དམག་དཔུང་དང་ཉེན་རྟོག་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་རྒྱུ་མ་ཟད། སོ་མཱ་ལིའི་ལོ་ངོ་སོ་ལྔའི་རིང་གི་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཆར་གཞི་ཐོག་མར་རྒྱབ་སྐྱོར་བྱེད་དགོས་ཟེར། ཁོས་བསྟན་དོན། འཆར་གཞི་དེས་སོ་མཱ་ལི་ཡིས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། ཞལ་འདེབས་ལ་ཚད་ལས་བརྒལ་བར་བརྟེན་པའི་སྣང་ཚུལ་ཇེ་ཉུང་དུ་གཏོང་བ། དོམ་ཇེ་ཉུང་དུ་གཏོང་བ་བཅས་ཀྱི་ཐད་རོགས་རམ་བྱེད་པར་ཆ་རྐྱེན་བསྐྲུན་ཡོད་ཟེར།

སོ་མཱ་ལིའི་ཙུང་ཐུང་མུའུ་ཧན་མའོ་ཏི་ཡིས་བསྟན་དོན། སོ་མཱ་ལི་ཡིས་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོས་ལོ་མང་བོའི་རིང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། མིག་སྔར་སོ་མཱ་ལི་འཇིགས་སྐུལ་རིང་ལུགས་དང་རུལ་སུངས། དབུལ་ཕོངས་བཅས་ཀྱི་འགྲན་རྩོད་ཆེན་པོ་གསུམ་ལ་འཕྲད་ཡོད། གནད་དོན་དེ་དག་ཐག་གཅོད་བྱེད་དགོས་ན། གཙོ་བོ་སྲིད་གཞུང་ལས་ཁུངས་དང་བདེ་འཇགས་རྐྱེན་སྲོལ་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་། བཅོས་བསྒྱུར་ཇུས་གཞི་འཐུས་ཚང་གཏན་འབེབས་བྱས་ཏེ། སོ་མཱ་ལིའི་མི་དམངས་ཀྱིས་རང་ཉིད་ཀྱི་རྒྱལ་ཁབ་འཕེལ་རྒྱས་སུ་གཏོང་བའི་སྦས་ཤུགས་འདོན་སྤེལ་བྱེད་དགོས་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།