ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱིས་མུ་མཐུད་དུ་ལྟ་ཞིབ་ཚོགས་པའི་ཁོངས་མི་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ས་ཁུལ་ནས་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་ལ་རྟོག་ཞིབ་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་དམིགས་བསལ་འཐུས་མི་སཱ་དབྱེ་ཏིས་ཁི་ཡིས་ཚེས་བཅོ་ལྔ་ཉིན་ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་བསྟན་དོན། མུ་མཐུད་དུ་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་དམིགས་བསལ་ལྟ་ཞིབ་ཚོགས་པའི་ཁོངས་མི་ཞིག་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་འཁྲུག་རྩོད་ས་ཁུལ་ནས་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་ལ་ནང་ཁུལ་ནས་རྟོག་ཞིབ་བྱེད་རྒྱུ་ཡིན་ཟེར།

ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་དམིགས་བསལ་ལྟ་ཞིབ་ཚོགས་པའི་རླངས་འཁོར་རུ་ཁག་ལ་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་འཁྲུག་རྩོད་ས་ཁུལ་ནས་ས་འོག་འགད་རྫས་ཀྱི་འཇབ་རྒོལ་ཐེབས་ཏེ། ལྟ་ཞིབ་ཚོགས་པའི་ཁོངས་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་གཉིས་ལ་རྨས་ཕོག

སཱ་དབྱེ་ཏིས་ཁི་ཡིས་ཚེས་བཅོ་ལྔ་ཉིན་ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གི་རྒྱུན་ལྡན་གྱི་གྲོས་མོལ་མཇུག་སྒྲིལ་རྗེས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གི་བདེ་འཇགས་ཡན་ལག་ཚན་ཁག་གིས་དོན་རྐྱེན་དེའི་ནང་ཁུལ་གྱི་རྟོག་ཞིབ་སྙན་ཞུ་ལ་ཉན་པ་དང་། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱིས་མུ་མཐུད་དུ་དོན་རྐྱེན་དེར་རྟོག་ཞིབ་བྱེད་རྒྱུ་ཡིན་ཟེར། ཁོས་ཝུའུ་ཁི་ལན་ཤར་ཕྱོགས་འཁྲུག་རྩོད་ས་ཁུལ་གྱི་ཕྱོགས་ཁག་སོ་སོས་རྟོག་ཞིབ་ཚོགས་པའི་ཁོངས་མིའི་བྱ་བའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།

སཱ་དབྱེ་ཏིས་ཁི་ཡིས་བཤད་རྒྱུར། དོན་རྐྱེན་དེ་ལས་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ས་ཁུལ་དུ་ས་འོག་འགད་རྫས་གཙང་བཤེར་བྱེད་པའི་གལ་ཆེན་རང་བཞིན་མངོན་པར་མཚོན་ཡོད། འཁྲུག་རྩོད་ཕྱོགས་ཁག་སོ་སོས་ས་འོག་འགད་རྫས་སྦས་ཡོད་པའི་གནས་ཀྱི་ས་ཁྲ་འདོན་སྤྲོད་བྱེད་དགོས། དེ་ལྟར་བྱས་ན་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་དམིགས་བསལ་ལྟ་ཞིབ་ཚོགས་པའི་ཁོངས་མིའི་བྱ་བའི་བདེ་འཇགས་ལ་སྲུང་བྱེད་ཐུབ་པར་མ་ཟད། ས་དེའི་མི་སེར་དཀྱུས་མར་བློ་ཡུལ་ལས་འདས་པའི་གནོད་པ་ཐེབས་པར་སྔོན་འགོག་བྱེད་པར་ཕན་ཐོགས་ཡོད་ཟེར།

ཕྱོགས་སོ་སོས་གྲོས་མོལ་བྱས་ཏེ་ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གི་སྐོར་ཐེངས་རྗེས་མའི་གྲོས་མོལ་དེ་ཟླ་འདིའི་ཚེས་ཉེར་བཞིའི་ཉིན་སྤེལ་རྒྱུ་ཐག་བཅད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།