ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འཕྲོད་བསྟེན་པུའུ་ཀྲང་གྲོས་ཚོགས་ཐོག་མ་ནས་འཛམ་གླིང་ཡོངས་ཀྱི་འཕྲོད་བསྟེན་ཇུས་ཆེན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འཕྲོད་བསྟེན་པུའུ་ཀྲང་དག་ཚེས་བཅུ་དགུ་ཉིན་ནས་ཚེས་ཉི་ཤུའི་ཉིན་བར་འཇར་མན་གྱི་རྒྱལ་ས་པའོ་ལིན་དུ་འཛོམས་ཏེ། འཕྲོད་བསྟེན་པུའུ་ཀྲང་གི་གྲོས་ཚོགས་ཐོག་མ་སྤེལ། གྲོས་ཚོགས་ནས་གྲོས་འཆམ་བྱུང་བའི་འཕྲོད་བསྟེན་པུའུ་ཀྲང་གི་པའོ་ལིན་བསྒྲགས་གཏམ་ལས་འཛམ་གླིང་ཡོངས་ཀྱི་འཕྲོད་བསྟེན་གྱི་འགྲན་རྩོད་དང་འཕྲོད་བསྟེན་མ་ལག་ལ་ཤུགས་སྣོན་པ། དུག་སྲིན་འགོག་སྨན་གྱི་སྨན་ནུས་སོགས་གྲོས་གཞི་གཙོ་བོར་དོ་སྣང་བྱེད་བཞིན་ཡོད།

འཇར་མན་ནི་ཉིས་སྟོང་བཅུ་བདུན་ལོའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པ་དང་། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཐེངས་འདིའི་འཕྲོད་བསྟེན་པུའུ་ཀྲང་གི་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ནན་གྱིས་བསྟན་དོན། འཛམ་གླིང་ཡོངས་ཀྱིས་མཉམ་ལས་རོགས་འདེགས་བྱེད་པའི་དུས་སྐབས་སུ། འཕྲོད་བསྟེན་གནད་དོན་ནི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་གྲོས་བསྡུར་བྱེད་པར་འོས་པའི་གྲོས་གཞི་ཞིག་ཡིན། ཕན་ནུས་ལྡན་ཞིང་བློ་གཏད་རུང་བའི་འཕྲོད་བསྟེན་མ་ལག་དེ་མིའི་རིགས་ཡོངས་ལ་འབྲེལ་བ་ཡོད་པས། རྒྱལ་ཁབ་སོ་སོས་མྱུར་མོར་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་ཟེར།

གྲོས་ཚོགས་ཀྱི་སྐབས་སུ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འཕྲོད་བསྟེན་པུའུ་ཀྲང་དང་འཛམ་གླིང་དངུལ་ཁང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཐུས་མི་བཅས་མཉམ་དུ་ཐོལ་བྱུང་གི་འཕྲོད་བསྟེན་དོན་རྐྱེན་ཐག་གཅོད་བྱེད་པའི་ལད་བཟོའི་སྦྱོང་བརྡར་ལ་ཞུགས། བྱ་འགུལ་དེ་འདྲ་སྤེལ་བའི་དམིགས་ཡུལ་ནི་རང་རང་གི་འགན་འཁྲི་གསལ་བོ་བྱེད་པ་དང་། བརྡ་འཕྲིན་མྱུར་མོར་མཉམ་སྤྱོད་བྱེད་པ་དང་ཕན་ནུས་མཐོ་བའི་རོགས་སྐྱོར་ཇི་ལྟར་མངོན་འགྱུར་བྱེད་པ། ད་རུང་མཁོ་གལ་ཆེ་བའི་ཚོད་འཛིན་རྐྱེན་སྲོག་གང་དག་ཡོད་པ་སོགས་ལ་གྲོས་བསྡུར་བྱེད་པའི་ཆེད་དུ་རེད། རྒྱལ་ཁབ་སོ་སོའི་འཕྲོད་བསྟེན་པུའུ་ཀྲང་གིས་བསྟན་དོན། ཁོ་ཚོས་མ་འོངས་པར་དུས་བཅད་ལྟར་སྦྱོང་བརྡར་དེ་འདྲ་སྤེལ་ན། འབྱུང་སྲིད་པའི་སྤྱི་བའི་འཕྲོད་བསྟེན་གྱི་ཉམས་ཉེན་ལ་གྲ་སྒྲིག་བྱེད་ཐུབ་ངེས་རེད་ཟེར།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཁྲིན་ཧྥུན་ཧྥུའུ་ཀྲིན་གྱིས་བཤད་རྒྱུར། ཉིས་སྟོང་བཅུ་བཞི་ལོ་ནས་ཉིས་སྟོང་བཅོ་ལྔ་ལོར་ཨེ་པའོ་ལཱ་རིམས་ཆད་མྱུར་མོར་མཆེད་པ་ལས་དབུལ་ཕོངས་རྒྱལ་ཁབ་ཀྱི་འཕྲོད་བསྟེན་མ་ལག་མྱུར་དུ་འཐུས་ཚང་དུ་གཏོང་དགོས་པ་གསལ་བོར་བསྟན་ཡོད། དེ་ལྟར་བྱས་ན་ད་གཟོད་རིམས་ནད་ཚོད་འཛིན་བྱེད་ཐུབ། དེ་བས་འཛམ་གླིང་ཡོངས་ཀྱིས་མཐུན་སྒྲིལ་རོགས་ལས་བྱེད་པར་གལ་འགངས་ཧ་ཅང་ཆེ་བ་དང་། ཉམས་ཉེན་བྱུང་བའི་སྐབས་སུ་སྨན་བཅོས་མི་སྣ་དང་སྒྲིག་ཆས། འཁོར་བསྐྱོད་ཚོད་ལྟ་ཁང་། འདང་ཚིམས་པའི་མ་དངུལ་བཅས་ངེས་པར་དུ་མྱུར་མོར་དོན་འཁྱོལ་ཡོང་བར་བྱེད་དགོས་ཟེར།

འཕྲོད་བསྟེན་མ་ལག་འཐུས་ཚང་དུ་གཏོང་བ་དང་ཉམས་ཉེན་གྱི་དོ་དམ་ལ་ཤུགས་སྣོན་པ་ལས་གཞན། དུག་སྲིན་འགོག་སྨན་གྱི་སྨན་ནུས་སོགས་གནད་དོན་ཀྱང་རྒྱལ་ཁབ་སོ་སོའི་པུའུ་ཀྲང་གིས་གྲོས་བསྡུར་བྱེད་པའི་གཙོ་གནད་རེད། དུག་སྲིན་འགོག་སྨན་དེ་ད་ལྟ་འཛམ་གླིང་ཡོངས་ཀྱི་སྤྱི་བའི་འཕྲོད་བསྟེན་གྱི་འཇིགས་ཉེན་ཚབས་ཆེན་ཞིག་ཏུ་གྱུར་ཡོད། སྲོག་ཆགས་ཀྱི་གཟན་ཆས་ནང་དུག་སྲིན་འགོག་སྨན་བསྲེས་པ་དང་སྨན་པའི་ངག་ལ་མི་ཉན་པར་དུག་སྲིན་འགོག་སྨན་གང་འདོད་དུ་བཀོལ་བའི་སྣང་ཚུལ་སྔར་བཞིན་མང་དུ་མཐོང་ཐུབ།

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འཕྲོད་བསྟེན་པུའུ་ཀྲང་གིས་ཐེངས་འདིའི་གྲོས་ཚོགས་ནས་སྤེལ་བའི་པའོ་ལིན་བསྒྲགས་གཏམ་ནང་དུ། ཁོ་ཚོས་ཉིས་སྟོང་བཅོ་བརྒྱད་ལོའི་ལོ་མཇུག་གི་སྔོན་ལ་རྒྱལ་ཁབ་སོ་སོས་དུག་སྲིན་འགོག་སྨན་གྱི་སྨན་ནུས་ཚོད་འཛིན་བྱེད་པའི་རྒྱལ་ཁབ་ཀྱི་འགུལ་སྐྱོད་འཆར་གཞི་དངོས་འབེབ་བྱེད་པར་བརྩོན་ལེན་བྱེད་རྒྱུ་མ་ཟད། དུག་སྲིན་འགོག་སྨན་གྱི་ལྟ་རྟོག་དོ་དམ་ལ་ཤུགས་སྣོན་པ་དང་འབྲེལ་ཡོད་ཀྱི་ཚན་རིག་ཞིབ་འཇུག་ལ་རྒྱབ་སྐྱོར་བྱེད་རྒྱུ་ཁས་ལེན་བྱས།

འཇར་མན་གྱི་འཕྲོད་བསྟེན་པུའུ་ཀྲང་ཀི་ལོ་ཨིག་གིས་བཤད་རྒྱུར། ཐེངས་འདིའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འཕྲོད་བསྟེན་པུའུ་ཀྲང་གྲོས་ཚོགས་ནས་འཛམ་གླིང་ཡོངས་ཀྱི་འཕྲོད་བསྟེན་གླེང་གཞི་གཙོ་བོར་གྱུར་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་སྤྱི་བའི་འཕྲོད་བསྟེན་ཉམས་ཉེན་གྱི་དོ་དམ་ཤུགས་ཚད་ཇེ་དྲག་ཏུ་གཏོང་བ་དང་དུག་སྲིན་འགོག་སྨན་གྱི་སྨན་ནུས་ཐག་གཅོད་བྱེད་པ་སོགས་ནི་རྒྱལ་ཁབ་སོ་སོའི་ཐུན་མོང་གི་འགན་འཁྲིར་གྱུར་ཡོད་ཟེར།

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འཕྲོད་བསྟེན་པུའུ་ཀྲང་གིས་ད་རུང་ནན་གྱིས་བསྟན་དོན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་འཛམ་གླིང་ཡོངས་ཀྱི་འཕྲོད་བསྟེན་གྲོས་གཞིའི་ཆབ་སྲིད་རྒྱབ་སྐྱོར་ལ་ཤུགས་སྣོན་བྱས་ཏེ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཛམ་གླིང་ཡོངས་ཀྱི་འཕྲོད་བསྟེན་མཉམ་ལས་ཁྲོད་ཀྱི་མགོ་ཁྲིད་ནུས་པར་རྒྱབ་སྐྱོར་བྱེད་རྒྱུ་ཁས་ལེན་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།