ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་ཡང་བསྐྱར་སྲིད་འཛིན་ཏང་གི་ཀྲུའུ་ཞིར་བདམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་ཚེས་ཉེར་གཅིག་ཉིན་ཡང་བསྐྱར་སྲིད་འཛིན་ཏང་དྲང་བདེན་དང་འཕེལ་རྒྱས་ཏང་གི་ཀྲུའུ་ཞིར་བདམས།

ཐུར་ཁེའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དྲང་བདེན་དང་འཕེལ་རྒྱས་ཏང་གིས་ཉིན་དེར་རྒྱལ་ས་ཨན་ཁཱ་ལཱ་ནས་དམིགས་བསལ་འཐུས་མིའི་ཚོགས་ཆེན་བསྡུས་ཏེ། ཏང་གི་ཀྲུའུ་ཞི་གསར་བ་བདམས་ཐོན་བྱུང་། ཨེ་ཨར་ཏའོ་ཨན་འདེམ་སྒུག་པ་གཅིག་པུ་ཡིན་པའི་ཆ་ནས་འཐུས་མི་སྟོང་གཅིག་དང་བཞི་བརྒྱ་བདུན་ཅུའི་ཁྲོད་ཀྱི་མི་སྟོང་གཅིག་དང་བཞི་བརྒྱ་བཅུ་བཞི་ཡི་རྒྱབ་སྐྱོར་ཐོབ་པ་རེད།

ཨེ་ཨར་ཏའོ་ཨན་གྱིས་ཉིས་སྟོང་གཅིག་ལོར་དྲང་བདེན་དང་འཕེལ་རྒྱས་ཏང་བཙུགས་ཏེ་ཀྲུའུ་ཞིའི་འགན་ཁུར། ཉིས་སྟོང་བཅུ་བཞི་ལོའི་ཟླ་བརྒྱད་པར། ཨེ་ཨར་ཏའོ་ཨན་ཐུར་ཁེའི་ཙུང་ཐུང་ལ་བདམས་རྗེས། རྩ་ཁྲིམས་ཀྱི་གཏན་འཁེལ་ལྟར་སྲིད་འཛིན་ཏང་དབུ་མར་གནས་པའི་རྩ་དོན་གཞིར་བཟུང་ནས་དྲང་བདེན་དང་འཕེལ་རྒྱས་ཏང་ལས་ཕྱིར་བུད།

ད་ལོའི་ཟླ་བཞི་བར་ཐུར་ཁེའི་རྩ་ཁྲིམས་བཟོ་བཅོས་བྱེད་པར་བརྡས་ཐག་བཅད་པའི་དབང་གིས་སྲིད་འཛིན་ཏང་དབུ་མར་གནས་པའི་རྩ་དོན་མེད་པར་བཟོས་པ་དང་། ཙུང་ཐུང་གིས་སྲིད་ཏང་གི་ལས་འགན་ཞོར་དུ་ཁུར་ཆོག་པར་བྱས། ཟླ་ལྔ་བའི་ཚེས་གཉིས་ཉིན། ཨེ་ཨར་ཏའོ་ཨན་ཡང་བསྐྱར་དྲང་བདེན་དང་འཕེལ་རྒྱས་ཏང་ནང་ཞུགས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།