ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨེ་ཅིབ་ཀྱི་སྤྱི་སྤྱོད་རླངས་འཁོར་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་ཀྱི་མེན་ཡཱ་ཞིང་ཆེན་གྱི་སྤྱི་སྤྱོད་རླངས་འཁོར་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་བ་དང་། འཇབ་རྒོལ་མཁན་ཁྲིམས་ལ་སྦྱོར་དགོས་པའི་སྐུལ་མ་བཏང་།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གསར་འགྱུར་ལས་རིགས་ལ་སྤེལ་བའི་གསལ་སྒྲོག་ནང་ཁ་ཚིག་དྲག་པོས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་བ་དང་། རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ཀྱིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་འཇིགས་ཉེན་ཚབས་ཆེན་བཟོ་སྲིད་པ་བསྐྱར་སྒྲོག་བྱས།

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ངེས་པར་དུ་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་དེ་ལག་བསྟར་བྱེད་མཁན་དང་རྩ་འཛུགས་བྱེད་མཁན། རོགས་སྐྱོར་བྱེད་མཁན། རྒྱབ་སྐྱོར་བྱེད་མཁན་བཅས་ཁྲིམས་ལ་སྦྱོར་དགོས་པའི་ཚུལ་བསྟན་པ་དང་། རྒྱལ་ཁབ་ཚང་མས་རྒྱལ་སྤྱིའི་བཅའ་ཁྲིམས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ཀྱི་གཏན་འཁེལ་ལྟར་དུ་གནད་དོན་དེའི་ཐད་ནས་ཨེ་ཅིབ་སོགས་འབྲེལ་ཡོད་རྒྱལ་ཁབ་ཀྱི་སྲིད་གཞུང་བར་མཉམ་ལས་གང་ལེགས་བྱེད་དགོས་པའི་སྐུལ་མ་བཏང་།

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། རྒྱུ་མཚན་ཅི་ཞིག་ཡོད་ཀྱང་ཡ་ང་བའི་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་དེའི་ཉེས་པ་འདག་ཐབས་མེད་ཟེར། ཁོས་འདས་པོའི་ཁྱིམ་མི་དང་ཨེ་ཅིབ་སྲིད་གཞུང་དང་མི་དམངས་བཅས་ལ་སྙིང་ཐག་པ་ནས་འཚམས་འདྲི་བྱས་ཤིང་། རྨས་མ་དག་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས་པར་མ་ཟད། འཇབ་རྒོལ་མཁན་ཁྲིམས་ལ་སྦྱོར་དགོས་པའི་རེ་བ་བཏོན།

ཨེ་ཅིབ་བདེ་འཇགས་སྡེ་ཁག་གིས་བསྒྲགས་པ་ལྟར་ན། ཨེ་ཅིབ་ཀྱི་སྤྱི་སྤྱོད་རླངས་འཁོར་གཉིས་ལ་ཚེས་ཉེར་དྲུག་ཉིན་ལྷོ་ཕྱོགས་ཀྱི་མེན་ཡཱ་ཞིང་ཆེན་ནས་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་པས་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་། ཨེ་ཅིབ་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། འཇབ་རྒོལ་དོན་རྐྱེན་དེ་ལས་ཉུང་མཐར་ཡང་མི་ཉེར་དྲུག་རྐྱེན་ལམ་དུ་ཤོར་ཡོད་པ་དང་། མི་ཉེར་ལྔར་རྨས་ཕོག་ཡོད་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།