ཀྲུང་གོ་བོད་ཀྱི་དྲ་བ།

སི་ལོ་ཝ་ཁིའི་ཕྱི་འབྲེལ་བློན་ཆེན་ལེ་ཆཱ་ཁི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་གཉིས་པའི་ཀྲུའུ་ཞིར་བདམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་གཅིག་པས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་སི་ལོ་ཝ་ཁིའི་ཕྱི་འབྲེལ་བློན་ཆེན་ལེ་ཆཱ་ཁི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་གཉིས་པའི་ཀྲུའུ་ཞིར་དངོས་སུ་འདེམ་བསྐོ་བྱས། ལེ་ཆཱ་ཁི་ཡིས་ད་ལོའི་ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན་སྐབས་གསར་བའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་མགོ་རྩོམ་སྐབས་ལས་འགན་ཁུར་རྒྱུ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཉིན་དེར་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། ལེ་ཆཱ་ཁི་སྐབས་གསར་བའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིར་བདམས་པ་རེད། ལེ་ཆཱ་ཁི་ཡིས་བདམས་ཐོན་བྱུང་རྗེས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཁོའི་བྱ་བའི་གཙོ་གནད་ནི་མི་གཞི་རྩར་བྱེད་པ་དང་། འཁྲུག་རྩོད་དང་གནས་སྤོར་སྡོད་དམངས་ཀྱི་གནད་དོན་ལ་སྔོན་འགོག་དང་བར་འདུམ་ཐག་གཅོད་བྱེད་པ། རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་དངོས་འབེབ་བྱེད་པར་ཡར་སྐུལ་གཏོང་བ། ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ། འགྲོ་མིའི་ཐོབ་ཐང་ལ་ཡར་སྐུལ་གཏོང་བ་སོགས་ཡིན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་གཅིག་པའི་ཀྲུའུ་ཞི་ཐང་མུའུ་སིན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚོགས་ཐོག་ནས་ལེ་ཆཱ་ཁི་ལ་རྟེན་འབྲེལ་ཞུས། ཐང་མུའུ་སིན་གྱིས་བཤད་རྒྱུར། ལེ་ཆཱ་ཁི་ཡིས་ཕྱོགས་མང་རིང་ལུགས་ཐད་འབད་བརྩོན་བྱས་པ་དང་། ཕྱི་འབྲེལ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མདུན་དུ་འཁྲུག་རྩོད་དང་ཡུལ་གྱར་བ། འཇིགས་སྐུལ་རིང་ལུགས། ནམ་ཟླའི་འགྱུར་ལྡོག་སོགས་གནད་དོན་གལ་ཆེན་ཐག་གཅོད་བྱས་པ་དང་། ཁོས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིའི་འགན་ཁུར་སྐབས་རྒྱུན་མཐུད་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བ་དང་དུས་ཡུན་རིང་བོའི་ཞི་བདེའི་ཐད་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན། ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ལེ་ཆཱ་ཁི་དང་མཉམ་དུ་སྐབས་རྗེས་མའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་སུ་འབད་བརྩོན་བྱས་ཏེ། སྔར་ལས་མཛེས་པའི་མ་འོངས་པ་གསར་སྐྲུན་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།