ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱིས་ཁཱ་པོར་མུ་འབྲེལ་འགས་གཏོར་འཇབ་རྒོལ་དོན་རྐྱེན་གྱི་དོགས་ཡོད་ཉེས་ཅན་བཅུ་གཉིས་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གསར་འགྱུར་ལས་རིགས་ཀྱིས་ཚེས་བཞིའི་ཉིན་བསྒྲགས་པ་ལྟར་ན། ཨ་ཧྥུའུ་ཧན་གསང་འཕྲིན་ལས་ཁུངས་ཀྱིས་ཁཱ་པོར་ནས་ཚེས་གསུམ་ཉིན་བྱུང་བའི་མུ་འབྲེལ་འགས་གཏོར་འཇབ་རྒོལ་དོན་རྐྱེན་གྱི་དོགས་ཡོད་ཉེས་ཅན་བཅུ་གཉིས་འཛིན་བཟུང་བྱས་ཟེར།

ཨ་ཧྥུའུ་ཧན་རྒྱལ་ཁབ་བདེ་འཇགས་ཅུའུ་ཡིས་སྤེལ་བའི་གསལ་སྒྲོག་ལྟར་ན། བདེ་འཇགས་ལས་ཁུངས་ཀྱིས་འཛིན་བཟུང་བྱས་པའི་མི་སྣའི་ཁྲོད་དུ་རང་སྲོག་གཅོད་པའི་འཇབ་རྒོལམཁན་གྱི་དོགས་ཡོད་ཉེས་ཅན་གཅིག་ཡོད་ཟེར།

ཁཱ་པོར་བྱང་ཕྱོགས་ཀྱི་ཧེ་ཨར་ཧཱ་ནཱ་ས་ཁུལ་དུ་ཚེས་གསུམ་ཉིན་གྱི་ཕྱི་དྲོར་མུ་འབྲེལ་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་རང་སྲོག་གཅོད་པའི་འཇབ་རྒོལ་མཁན་གསུམ་སྐབས་ཐོག་དེར་དུར་འཇུག་མཛད་སྒོར་ཞུགས་པའི་མི་ཚོགས་ཁྲོད་དུ་སྦས་ནས། སྔ་གཞུགཏུ་རང་ལུས་ཀྱི་འགད་རྫས་འགས་གཏོར་བཏང་བ་རེད།

ཁཱ་པོར་དུས་སྐབས་ཚགས་པར་གྱིས་བསྒྲགས་པ་ལྟར་ན། ཚེས་གསུམ་ཉིན་གྱི་མུ་འབྲེལ་འགས་གཏོར་འཇབ་རྒོལ་ལས་ཉུང་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་ཤོར་བ་དང་། མི་གྱ་བདུན་ལ་རྨས་ཕོག་ཟེར། ཨ་ཧྥུའུ་ཧན་གྱི་དབུ་བཞུགས་ལག་བསྟར་དཔོན་པོ་ཨ་པུའུ་ཏུའུ་ལཱ་དང་བཅས་པའི་སྲིད་གཞུང་གི་མགོ་བ་མང་བོ་དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་ཡོད་པ་དང་། སྟབས་ལེགས་ནས་ཨ་པུའུ་ཏུའུ་ལཱ་ཉེན་ཁ་ལས་ཐར་བ་རེད།

ཚེས་གསུམ་ཉིན་གྱི་དགོང་མོར། ཨ་པུའུ་ཏུའུ་ལཱ་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་ལ་གྱོད་དོན་དེར་རྟོག་ཞིབ་གསལ་བོ་བྱེད་དགོས་པ་དང་འགན་འཁྲི་རྩད་གཅོད་ནན་མོ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་སའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།