ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་དམངས་གཙོ་དམག་དཔུང་གིས་ལཱ་ཁཱ་བཅིངས་འགྲོལ་བྱེད་པའི་འཐབ་འཁྲུག་བསླངས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁུའུ་ཨར་ཏི་དྲག་ཆས་པས་སྣེ་ཁྲིད་པའི་སི་རི་ཡཱའི་དམངས་གཙོ་དམག་དཔུང་གི་མགྲིན་ཚབ་པ་ཞིག་གིས་ཚེས་དྲུག་ཉིན་བདེན་དཔང་བྱས་དོན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སི་རི་ཡཱའི་སྒར་ས་ཆེན་མོ་ལཱ་ཁཱ་གྲོང་ཁྱེར་བཅིངས་འགྲོལ་བྱེད་པའི་འཐབ་འཁྲུག་ཉིན་དེར་མགོ་བརྩམས་ཡོད་ཟེར།

སྤྱི་ཁྱབ་པུའུ་དབྱིན་ཇིའི་ལོན་ཏོན་དུ་ཡོད་པའི་སི་རི་ཡཱའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་ཉིན་དེའི་སྔ་མོར་བཤད་རྒྱུར། སི་རི་ཡཱའི་དམངས་གཙོ་དམག་དཔུང་གིས་ཉིན་དེར་ལཱ་ཁཱ་ཉེ་འཁོར་གྱི་ས་ཁུལ་མང་བོ་ཞིག་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པའི་བར་འཁྲུག་རྩོད་དྲག་པོ་བྱས་པ་དང་། ཨ་མེ་རི་ཁ་གཙོ་བྱས་པའི་རྒྱལ་སྤྱིའི་མནའ་འབྲེལ་གྱིས་ས་ཁུལ་དེའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱེད་མགོ་བརྩམས།

འབྲེལ་ཡོད་མི་སྣས་བཤད་རྒྱུར། སི་རི་ཡཱའི་དམངས་གཙོ་དམག་དཔུང་གིས་ཉིན་དེར་ཤར་ཕྱོགས་དང་བྱང་ཕྱོགས། ནུབ་ཕྱོགས་བཅས་ནས་དུས་མཉམ་དུ་ལཱ་ཁཱ་ལ་དཔུང་འཇུག་བྱས་པ་དང་། མིག་སྔར་ལཱ་ཁཱ་ས་ཁུལ་ཁག་ཅིག་ལ་དཔུང་འཇུག་བྱས་ནས་ཐོན་ཡོད་ཟེར།

སི་རི་ཡཱའི་དམངས་གཙོ་དམག་དཔུང་གིས་ལཱ་ཁཱ་བཅིངས་འགྲོལ་བྱེད་པའི་ཞོར་དུ། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ལམ་ཐིག་མང་བོ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པར་འཐབ་འཛིང་བྱེད་བཞིན་ཡོད་པ་དང་། ཉེ་སྔོན་ཚབ་མིང་ལ་རླབས་ཆེ་བའི་སྐྱ་རེངས་ཞེས་པའི་དམག་དོན་འགུལ་སྐྱོད་སྤེལ་བ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།