ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡིས་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་རྒྱལ་ཁབ་མང་བོས་ཁཱ་ཐར་བར་འབྲེལ་ཐག་བཅད་པའི་གནད་དོན་ཐག་གཅོད་བྱེད་རྒྱུའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བརྒྱད་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། རྒྱལ་ཁབ་མང་བོས་ཁཱ་ཐར་བར་འབྲེལ་ཐག་བཅད་པའི་གནད་དོན་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། རྒྱལ་ཁབ་སོ་སོས་ཕྱི་འབྲེལ་གྱི་ཐབས་ལམ་ལ་བརྟེན་ནས་འགལ་ཁ་ཐག་གཅོད་བྱེད་དགོས་པའི་སྐུལ་མ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཉིན་དེར་རྒྱུན་ལྡན་གྱི་སྒྲོག་སྤེལ་ཚོགས་འདུའི་སྟེང་གསལ་སྒྲོག་སྒྲོག་འདོན་བྱས་ཏེ། ཀུའུ་ཐི་ལོས་སི་ཡིས་ས་ཁུལ་དེའི་རྒྱལ་ཁབ་དག་གིས་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་པ་དང་ཧུར་ཐག་སྒོས་འགལ་བ་ཐག་གཅོད་བྱེད་དགོས་པའི་སྐུལ་མ་བཏང་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཕྱོགས་སོ་སོའི་བར་གྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་སྐུལ་མ་བཏང་བར་མ་ཟད། ཕྱོགས་སོ་སོ་འཐད་པ་ཡིན་ན་ཁོས་འབྲེལ་ཡོད་བྱ་བར་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།

པཱ་ལིན་དང་སོ་ཏི་ཨ་རབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཨེ་ཅིབ། ཡེ་མིན་སོགས་རྒྱལ་ཁབ་ལྔ་ཡིས་ཚེས་ལྔ་ཉིན་ཁཱ་ཐར་བར་འབྲེལ་ཐག་གཅོད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། ཁཱ་ཐར་གྱིས་འཇིགས་སྐུལ་རིང་ལུགས་བྱ་འགུལ་ལ་རྒྱབ་སྐྱོར་བྱས་ཏེ་ས་ཁུལ་གྱི་བདེ་འཇགས་གནས་བབ་ལ་གཏོར་བརླག་བྱས་པར་སྐྱོན་འཛུགས་བྱས། དེའི་རྗེས་སུ་ཡང་བསྐྱར་རྒྱལ་ཁབ་མང་བོས་ཁཱ་ཐར་བར་འབྲེལ་ཐག་གཅོད་རྒྱུ་ཁྱབ་སྒྲོག་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།