ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་ཙུང་ལི་ཡིས་ཧཱ་མཱ་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གྲྭ་ནས་ས་འོག་ཕུག་ལམ་བརྐོས་པར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་བཅུ་གཅིག་ཉིན་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཅཱ་ཧྲ་ས་ཁུལ་ནས་བསྒྲུབས་པའི་སློབ་གྲྭ་དེ་བེད་སྤྱད་ནས་ས་འོག་ཕུག་ལམ་བརྐོས་པར་རྒོལ་གཏམ་བཏང་།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་ནེ་ཀིའི་རྒྱུན་ལྡན་གྱི་གྲོས་ཚོགས་སྟེང་བཤད་རྒྱུར། ཧཱ་མཱ་སི་ཡིས་ཅཱ་ཧྲ་ས་ཁུལ་གྱི་མཉམ་འབྲེལ་རྒྱལ་ཚོགས་སློབ་གྲྭའི་ནང་ས་འོག་ཕུག་ལམ་བརྐོས་པ་དང་། སློབ་གྲྭའི་སློབ་མ་དག་ཉེན་ཁའི་གནས་སུ་སྐྱེལ་འདོད་པ་རེད་ཟེར།

དེའི་སྔོན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་དབྱི་སི་རལ་གྱི་འཐུས་མི་ཏཱ་ནོང་གིས་ཉེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལ་འཕྲིན་ཡིག་བསྐུར་ནས། ཧཱ་མཱ་སི་ཡིས་དམངས་བཀོལ་སྒྲིག་ཆས་གང་འདོད་དུ་བེད་སྤྱོད་བྱས་པར་བཤད་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཧཱ་མཱ་སི་ལ་རྒོལ་གཏམ་དྲག་པོ་གཏོང་དགོས་པར་མ་ཟད་ཚོགས་པ་དེ་འཇིགས་སྐུལ་རྩ་འཛུགས་ཀྱི་གྲས་སུ་འཇོག་དགོས་པའི་སྐུལ་མ་བཏང་།

ཅཱ་ཧྲ་ས་ཁུལ་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡིས་ཚེས་དགུའི་ཉིན་གསལ་སྒྲོག་སྤེལ་ཏེ། བཟོ་སྐྲུན་ཁྲུའུ་དེས་བཟོ་སྐྲུན་ལག་བསྟར་བྱེད་སྐབས་ཅཱ་ཧྲ་ས་ཁུལ་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྒྲུས་པའི་ཡུལ་གྱར་བའི་སློབ་གྲྭ་ཞིག་ནས་ས་འོག་ཕུག་ལམ་རྙེད་ཡོད་ཟེར། གསལ་སྒྲོག་ལས་ཧཱ་མཱ་སིའི་ཀུན་གྱིས་དང་ལེན་བྱེད་ཐབས་མེད་པའི་བྱ་སྤྱོད་དེར་རྒོལ་གཏམ་དྲག་པོ་བཏང་ཡོད་ལ། དེས་སློབ་གྲྭའི་དགེ་སློབ་དག་གི་ཚེ་སྲོག་ཉེན་ཁའི་གནས་སུ་བསྐྱལ་ཡོད་པར་བཤད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་ས་འོག་ཕུག་ལམ་དེ་མྱུར་མོར་གཅོད་རྒྱུ་ཡིན་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།