ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་ངལ་རྩོལ་བཟོ་བའི་རྩ་འཛུགས་ཀྱིས་བྱིས་པ་ལས་ཀར་བཀོལ་བའི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྤྱིའི་ངལ་རྩོལ་བཟོ་བའི་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ལེ་ཏི་ཡིས་ཚེས་བཅུ་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྲེལ་མྱུར་འགུལ་སྐྱོད་སྤེལ་ཏེ། འཁྲུག་རྩོད་དང་གནོད་འཚེའི་ཤུགས་རྐྱེན་ཐེབས་པའི་ས་ཁུལ་གྱི་བྱིས་པ་ལས་ཀར་བཀོལ་བའི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་ནི་འཛམ་གླིང་དུ་བྱིས་པ་ལས་ཀར་བཀོལ་བའི་གནད་དོན་མེད་པར་གཏོང་བའི་ཉིན་མོ་ཡིན་པ་དང་། ལེ་ཏི་ཡིས་གསལ་སྒྲོག་ནང་དུ་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་བཟོ་བའི་རྩ་འཛུགས། མང་ཚོགས་བཅས་ཀྱིས་འཁྲུག་རྩོད་དང་གནོད་འཚེ་ལས་བྱིས་པ་ལས་ཀར་བཀོལ་བའི་གནད་དོན་ལ་ཐེབས་པའི་ཤུགས་རྐྱེན་ལ་དོ་སྣང་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་བྲེལ་མྱུར་འགུལ་སྐྱོད་སྤེལ་ཏེ། འཁྲུག་རྩོད་དང་གནོད་འཚེའི་ཤུགས་རྐྱེན་ཐེབས་པའི་ས་ཁུལ་གྱི་བྱིས་པ་ལས་ཀར་བཀོལ་བའི་གནད་དོན་ཐག་གཅོད་བྱེད་དགོས་ཟེར།

ལེ་ཏི་ཡིས་བཤད་རྒྱུར། འཛམ་གླིང་ཡོངས་སུ་ལོ་རེར་གནོད་འཚེའི་ཤུགས་རྐྱེན་ཐེབས་བཞིན་པའི་བྱིས་པ་དུང་ཕྱུར་གཅིག་ལྷག་ཡོད་པ་དང་། དྲག་ཆས་འཁྲུག་རྩོད་ས་ཁུལ་དུ་འཚོ་བ་རོལ་བའི་བྱིས་པ་དུང་ཕྱུར་གཉིས་དང་བྱེ་བ་གསུམ་ཡོད། ཉམས་ཉེན་བྱུང་བ་དང་བསྟུན་ནས་སློབ་གྲྭ་གཏོར་བཤིག་ཐེབས་པ་དང་། ཁྱིམ་ཚང་མང་བོར་ཁ་གསོ་ཐབས་མེད་ལ། སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་ལའང་གཏོར་བརླག་ཐེབས་ཡོད་པས། བྱིས་པ་ལས་ཀར་བཀོལ་བའི་ཉེན་ཁ་སྔར་ལས་ཇེ་ཆེར་གྱུར་ཡོད། ཡུལ་གྱར་བའི་བྱིས་པ་དང་ཁྱད་པར་དུ་ཁྱིམ་མི་དང་ཁ་ཐོར་བའི་བྱིས་པར་གནོད་པ་ཐེབས་སླ་ཟེར། ད་ལྟའི་བར་དུ་བྱིས་པ་ས་ཡ་འགའ་འཁྲུག་རྩོད་དང་གནོད་འཚེའི་དབང་གིས་ལས་ཀར་མི་ཞུགས་ཐབས་མེད་དུ་གྱུར་ཡོད་ཟེར།

ལེ་ཏི་ཡིས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་མགོ་ཁྲིད་པས་ཉིས་སྟོང་སུམ་ཅུ་ལོའི་བར་གྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ཁྲོད་དུ། ཉིས་སྟོང་ཉེར་ལྔ་ལོའི་བར་རྣམ་པ་ཆེས་ཡ་ང་བའི་བྱིས་པ་ལས་ཀར་བཀོལ་བའི་གནད་དོན་གཏན་འགོག་དང་མེད་པར་གཏོང་བའི་དམིགས་འབེན་གཏན་འབེབས་བྱས་ཡོད། དུས་ལྟར་དམིགས་འབེན་དེ་མངོན་འགྱུར་བྱེད་འདོད་ན། ངལ་རྩོལ་བཟོ་བའི་རྩ་འཛུགས་ཀྱིས་ཕྱོགས་བསྡུས་རང་བཞིན་གྱི་བྱེད་ཐབས་མང་བོ་སྤྱོད་པར་སྐུལ་མ་བཏང་སྟེ། བྱིས་པ་ལས་ཀར་བཀོལ་བའི་སྣང་ཚུལ་མེད་པར་གཏོང་དགོས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཉིན་དེར་སྤྱི་སྒྲོག་སྤེལ་ཏེ་བཤད་རྒྱུར། འཛམ་གླིང་ཡོངས་སུ་ལས་ཀར་བཀོལ་བའི་བྱིས་པ་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ས་ཡ་བརྒྱད་ཙམ་ཡོད་པ་དང་། དེའི་ནང་བྱིས་པ་བྱེ་བ་དགུ་དང་ས་ཡ་བརྒྱད་ཀྱིས་ཞིང་ལས་ངལ་རྩོལ་གཉེར་བཞིན་ཡོད། ཁོ་ཚོར་ཡོང་འབབ་མེད་པར་མ་ཟད་ཞིང་སྨན་དང་འཕྲུལ་ཆས་སོགས་ཀྱི་ཉེན་ཁ་མང་བོར་འཕྲད་ཡོད། ཁོ་ཚོའི་ལས་ཀ་ལྗིད་ཅིང་ངལ་རྩོལ་གྱི་དུས་ཡུན་རིང་བ་རེད། བདེན་དཔང་ལས་ར་སྤྲོད་བྱུང་བ་ལྟར་ན། ཞིང་ལས་ངལ་རྩོལ་ཁྲོད་བྱིས་པ་དང་ན་གཞོན་ལ་ཤི་རྨས་ཐེབས་པའི་བསྡུར་ཚད་མི་དར་མ་ལས་ཧ་ཅང་མཐོ་བ་ཡིན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།