ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་མེ་རི་ཁ་དང་མཉམ་དུ་ཡང་བསྐྱར་ཕཱ་རེ་སིའི་ནམ་ཟླའི་གྲོས་མཐུན་ལ་གྲོས་མོལ་བྱེད་མི་སྲིད་པ་ནན་བཤད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷ་ཁང་གི་ཀྲུའུ་ཞི་རོང་ཁི་ཡིས་ཚེས་བཅུ་བཞིའི་ཉིན་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡི་གྲོས་གཞིར་བསམ་བློ་བཏང་སྟེ། ཨ་མེ་རི་ཁ་དང་མཉམ་དུ་ཡང་བསྐྱར་ཕཱ་རེ་སིའི་ནམ་ཟླའི་གྲོས་མཐུན་ལ་གྲོས་མོལ་བྱེད་མི་སྲིད་ཟེར།

རོང་ཁི་ཉིན་དེར་ཡོ་རོབ་གླིང་གྲོས་ཁང་གི་གྲོས་ཚོགས་ལ་ཞུགས་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཕཱ་རེ་སིའི་ནམ་ཟླའི་གྲོས་མཐུན་ལ་ཡང་བསྐྱར་གྲོས་བསྡུར་བྱེད་མི་སྲིད་པ་དང་། གྲོས་མཐུན་དེའི་དོན་ཚན་ཉེར་གཅིག་པ་ངེས་པར་དུ་ལག་བསྟར་བྱེད་དགོས་པ་ལས་ཡང་བསྐྱར་གྲོས་མོལ་བྱེད་མི་རུང་ཟེར།

རོང་ཁི་ཡིས་ནན་གྱིས་བསྟན་དོན། ཕཱ་རེ་སིའི་ནམ་ཟླའི་གྲོས་མཐུན་དེ་ཐོབ་དཀའ་བ་དང་ཕྱོགས་སོ་སོས་ལོ་ངོ་ཉི་ཤུ་ལྷག་ལ་གྲོས་མོལ་བྱས་པའི་མཇུག་འབྲས་ཡིན་པས། ད་ལྟ་ནམ་ཟླའི་གྲོས་མཐུན་དེ་ལག་བསྟར་བྱེད་པར་འོལ་ཚོད་གཏན་ནས་བྱེད་མི་རུང་ཟེར།

ཟླ་རྗེས་མའི་ཟླ་མགོར། རོང་ཁི་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཚབ་བྱས་ཏེ་འཇར་མན་གྱི་ཧན་པའོ་ནས་སྤེལ་རྒྱུ་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་པ་རེད། རོང་ཁི་ཡིས་བསྟན་དོན། ཁོས་ཐེངས་འདིའི་མཐོ་རིམ་གྲོས་ཚོགས་སྟེང་ནས་ཨ་མེ་རི་ཁར་སྒུག་མི་སྲིད་ཟེར།

ཁོས་བཤད་རྒྱུར། ང་ཚོས་ཟླ་བདུན་པར་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་སྟེང་བརྡ་གསལ་བོ་མ་བཏང་ན། གལ་ཏེ་རྒྱལ་ཁབ་ཉི་ཤུ་གྲོས་འཆམ་མ་བྱུང་ན། ཉུང་མཐར་ཡང་རྒྱལ་ཁབ་བཅུ་དགུ་ཡོད་པ་རེད།

ཟླ་དྲུག་པའི་ཟླ་མགོར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཕཱ་རེ་སིའི་ནམ་ཟླའི་གྲོས་མཐུན་ལས་ཕྱིར་འབུད་རྒྱུ་ཁྱབ་སྒྲོག་བྱས། ཡོ་རོབ་གླིང་མནའ་འབྲེལ་ཕྱོགས་ཀྱིས་དོན་དེའི་ཐད་ངོ་རྒོལ་གྱི་རྣམ་འགྱུར་བཟུང་ཡོད་པ་དང་། རོང་ཁི་ཡིས་སྔོན་ཆད་ཐེངས་མང་བོར་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཕཱ་རེ་སིའི་ནམ་ཟླའི་གྲོས་མཐུན་དང་ནུས་ཁུངས་ཀྱི་རྣམ་པ་བསྒྱུར་བའི་གནད་དོན་ཐད་ནས་ཀུ་ཡངས་གཏན་ནས་གཏོང་མི་སྲིད་པ་ཟེར།

ཡོ་རོབ་གླིང་གྲོས་ཁང་གིས་ཉིན་དེར་ཉིས་སྟོང་སུམ་ཅུ་ལོའི་དྲོད་རླངས་ཕྱིར་འདོན་ཇེ་ཉུང་དུ་གཏོང་བའི་དམིགས་འབེན་ལ་གྲོས་འཆམ་བྱུང་བ་དང་། ཉིས་སྟོང་ལྔ་ལོའི་རྨང་གཞིའི་སྟེང་བརྒྱ་ཆའི་སུམ་ཅུ་ཇེ་ཉུང་དུ་གཏོང་རྒྱུའི་འཆར་གཞི་ཡོད་ལ། དེ་ལྟར་བྱས་ན་ཕཱ་རེ་སིའི་ནམ་ཟླའི་གྲོས་མཐུན་གྱི་རེ་བར་བསླེབ་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།