ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གིས་ཕན་ཅི་ཝུན་གྱིས་ཀུན་སྤྱོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་ཁུར་དགོས་པའི་མིང་འདོན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་བཞིའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྔོན་ཆད་ཀྱི་དྲུང་ཡིག་ཆེན་་མོ་ཕན་ཅི་ཝུན་ཀུན་སྤྱོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་དངོས་སུ་མིང་བཏོན་པ་དང་། མིང་འདོན་དེ་ཟླ་དགུ་ར་ཕེ་རུའི་རྒྱལ་ས་ལཱ་མཱ་ནས་སྤེལ་རྒྱུ་ཡིན་པའི་རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱ་དང་སུམ་ཅུ་བའི་སྟེང་དངོས་སུ་བརྡས་ཐག་གཅོད་རྒྱུ་རེད།

རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཧི་ཡིས་བསྟན་དོན། ཕན་ཅི་ཝུན་གྱིས་མིང་འདོན་དེ་དང་ལེན་བྱས་པར་རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཕྱོགས་གཅིག་ནས་ཕན་ཅི་ཝུན་གྱིས་དྲང་བདེན་དང་འགན་ཁུར་བ། ལྷག་བསམ་རྣམ་དག་གིས་སྤྱི་བའི་ཞབས་ཞུའི་ཁྱབ་ཁོངས་སུ་ཕྱོགས་སོ་སོའི་གཟེངས་བསྟོད་ཐོབ་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ཁོ་ཡང་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་གྲོགས་པོ་བཟང་བོ་ཡིན་ཟེར།

ཕན་ཅི་ཝུན་གྱིས་འབྲེལ་ཡོད་ཀྱི་མིང་འདོན་དང་ལེན་བྱས་རྗེས་བསྟན་དོན། རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་ཀུན་སྤྱོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་མིང་འདོན་ཐོབ་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། སྔོན་ཆད་དུས་ཡུན་རིང་བོ་ཞིག་ལ་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་བར་མཉམ་ལས་ཀྱི་འབྲེལ་བ་ཟབ་མོ་ཡོད་པ་དང་། ཕྱོགས་གཉིས་ཀྱིས་ཞི་བདེ་དང་མཛེས་སྡུག་གི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་པར་བརྩོན་བཞིན་ཡོད་ཟེར།

ཉིས་སྟོང་བདུན་ལོ་ནས་ཉིས་སྟོང་བཅུ་དྲུག་ལོའི་བར། ཕན་ཅི་ཝུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འགན་ཁུར། ཁོ་ནི་ཨེ་ཤ་ཡཱ་ནས་ཡོང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འགན་ཁུར་མཁན་གཉིས་པ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་རྒྱུས་སྟེང་གི་དྲུང་ཡིག་ཆེན་མོ་ཨང་བརྒྱད་པ་རེད།

རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གི་མིང་འདོན་དེར་ལེ་མཱའི་ཚང་འཛོམས་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་ན། ཕན་ཅི་ཝུན་གྱིས་ཨིན་ཏའེ་ཡེ་ཡི་ཚབ་ཏུ་སྐབས་གསར་བའི་ཀུན་སྤྱོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་འགྱུར་ངེས་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།