ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་སྲིད་གཞུང་དམག་དཔུང་གིས་མའོ་སུའུ་ཨར་གྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཆེས་མཇུག་མའི་སྡོད་གནས་སུ་དཔུང་འཇུག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་དམག་ཕྱོགས་ཀྱིས་ཚེས་བཅོ་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། སྲིད་གཞུང་དམག་དཔུང་གིས་ཉིན་དེར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་རྒྱལ་ཁབ་དེའི་གྲོང་ཁྱེར་ཆེན་པོ་གཉིས་པ་མའོ་སུའུ་ཨར་དུ་ཚོད་འཛིན་བྱེད་པའི་ཆེས་མཇུག་མཐའི་སྡོད་གནས་ལ་དཔུང་འཇུག་བྱས་ཟེར།

དབྱི་རག་དམག་ཕྱོགས་ཀྱི་མཉམ་འབྲེལ་འགུལ་སྐྱོད་ཀྱི་བཀོད་འདོམ་པུའུ་ཡི་མགྲིན་ཚབ་པ་ཡཱ་ལཱ་ལཱ་ཡིས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དཔུང་དང་རྒྱལ་ཕྲན་མཉམ་འབྲེལ་ཉེན་རྟོག་དམག་དཔུང་འདུས་པའི་དབྱི་རག་གི་དྲག་ཆས་སྟོབས་ཤུགས་ཀྱིས་ཉིན་དེར་མའོ་སུའུ་ཨར་མཁར་ནུབ་ནས་མཁར་རྙིང་ལྟེ་གནས་ས་ཁུལ་དུ་དཔུང་འཇུག་བྱས་པ་དང་། དམིགས་ཡུལ་ནི་ས་ཁོངས་དེ་ཚོད་འཛིན་བྱེད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྟོབས་ཤུགས་ལྷག་འཕྲོ་ཚར་གཅོད་བྱེད་པའི་ཆེད་རེད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཚེས་བཅོ་བརྒྱད་ཉིན་གྱི་ཞོགས་པའི་དུས་ཚོད་དྲུག་ནས་བཟུང་། སྲིད་གཞུང་དམག་དཔུང་གིས་ཕྱོགས་གསུམ་ནས་མཁར་རྙིང་ལྟེ་གནས་ས་ཁུལ་དུ་དཔུང་འཇུག་བྱས།

མཁར་རྙིང་ལྟེ་གནས་ས་ཁུལ་དེ་མའོ་སུའུ་ཨར་མཁར་ནུབ་ཀྱི་ལྟེ་བར་གནས་པ་དང་། སྲིད་གཞུང་དམག་དཔུང་གིས་ཉེ་སྔོན་མཁར་རྙིང་ལྟེ་གནས་ས་ཁུལ་གྱི་ཉེ་འདབས་བཅིངས་འགྲོལ་བྱས་པར་མ་ཟད། མཁར་རྙིང་ལྟེ་གནས་ས་ཁུལ་གྱི་ཉེ་འཁོར་དུ་འཐབ་ར་ལས་པ་དང་དམག་ཤུགས་བཀོད་སྒྲིག་བྱས་ཡོད།

དབྱེ་ཞིབ་མི་སྣས་བལྟས་ན། མཁར་རྙིང་ལྟེ་གནས་ས་ཁུལ་དུ་ཁང་བ་མང་བོ་ཡོད་པ་དང་སྲང་ལམ་དོག་ལ། མི་སེར་དཀྱུས་མ་མང་བོ་སྔར་བཞིན་གནས་དེར་བསྡད་ཡོད་པར་མ་ཟད། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཉིས་སྟོང་བཅུ་བཞི་ལོའི་ཚུན་ལ་གནས་དེར་གཞི་བཅས་པ་ཡིན་པས། སྲིད་གཞུང་དམག་དཔུང་གིས་དུས་ནམ་ཞིག་ལ་ས་ཁུལ་དེ་ཧྲིལ་བོར་ཡོངས་སུ་བཅིངས་འགྲོལ་བྱེད་པར་ད་རུང་ལྟ་ཞིབ་བྱེད་དགོས་པར་འདོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།