ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མོལ་དེ་པུའུ་ལུའུ་སེར་ནས་དངོས་སུ་སྤེལ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མོལ་དེ་ཚེས་བཅུ་དགུའི་ཉིན་ཡོ་རོབ་གླིང་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ཡོད་སའི་པུའུ་ལུའུ་སེར་ནས་དངོས་སུ་སྤེལ་མགོ་བརྩམས། དབྱིན་ཇི་དང་ཡོ་རོབ་གླིང་མནའ་འབྲེལ་ཕྱོགས་གཉིས་ཀྱིས་ཉིན་གཅིག་ལ་གྲོས་མོལ་བྱས་རྗེས་ཉིན་དེའི་གྲོས་ཚོགས་ལ་འཛུགས་སྐྲུན་རང་བཞིན་ཆེས་ཆེར་ལྡན་པའི་ཚུལ་བསྟན།

དབྱིན་ཇི་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འཐུས་མིས་ཉིན་དང་པོའི་གྲོས་མོལ་ཁྲོད། ཕྱོགས་གཉིས་ཀྱིས་བྱ་བའི་གཙོ་གནད་ནི་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོན་དངུལ་གྱི་རྩིས་ཐོ་དང་དབྱིན་ཇི་རུ་ཡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་སྤྱི་དམངས་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་སུ་ཡོད་པའི་དབྱིན་ཇིའི་སྤྱི་དམངས་ཀྱི་ཁེ་དབང་འགན་སྲུང་ཡིན་ཟེར།

གྲོས་མོལ་གྱི་བྱེ་བྲག་གི་ལས་དོན་གྱི་འགན་ཁུར་བའི་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མོལ་གྱི་དབུ་བཞུགས་འཐུས་མི་མུས་ཞེ་ཨར་པཱ་ནེ་ཡེ་དང་དབྱིན་ཇིའི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་བློན་ཆེན་ཏའེ་ཝེ་སི་གཉིས་ཀྱིས་ནན་བཤད་བྱས་དོན། དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་འགོད་པར་རེ་བ་ཡོད་པ་དང་། ཏའེ་ཝེ་སི་ཡིས་ཡིད་ཚིམས་པའི་མཇུག་འབྲས་ཤིག་འབྱུང་ངེས་རེད་ཟེར།

དབྱིན་ཇི་དང་ཡོ་རོབ་གླིང་མནའ་འབྲེལ་ཕྱོགས་གཉིས་ཀྱིས་ཐོག་དང་པོའི་གྲོས་མོལ་སྐབས་སུ་བྱ་བའི་ཚན་ཆུང་གསུམ་བཙུགས་ཏེ་དངུལ་ལོར་མཁོ་སྒྲུབ་དང་སྤྱི་དམངས་ཀྱི་ཁེ་ཕན། ཕྱོགས་གསུམ་པའི་འབྲེལ་ཡོད་བཅའ་ཁྲིམས་ལས་དོན་བཅས་ཐག་གཅོད་བྱེད་པའི་འགན་ཁུར་དུ་འཇུག་རྒྱུར་འཐད་པ་བྱུང་།

དབྱིན་ཇི་མ་གཏོགས་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་བདུན་གྱི་མགོ་ཁྲིད་པ་ཞུགས་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ནས་ཟླ་བཞི་བའི་ཚེས་ཉེར་དགུའི་ཉིན་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མོལ་བྱེད་ཕྱོགས་ལ་གྲོས་འཆམ་བྱུང་། ལི་སི་པིན་ཆིངས་ཡིག་ལྟར་ན་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མོལ་དེ་ཉིས་སྟོང་བཅུ་དགུ་ལོའི་ཟླ་གསུམ་པའི་ཚེས་ཉེར་དགུའི་སྔོན་ལ་ཡོངས་འགྲུབ་བྱེད་དགོས་པ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།