ཀྲུང་གོ་བོད་ཀྱི་དྲ་བ།

ཁཱ་ཐར་གྱིས་བཀག་སྡོམ་བྱེད་ཐབས་རྩིས་མེད་དུ་མ་བཏང་ན་འབྲེལ་ཐག་བཅད་པའི་རྒྱལ་ཁབ་བར་གྲོས་མོལ་བྱེད་མི་སྲིད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁཱ་ཐར་གྱི་ཕྱི་འབྲེལ་བློན་ཆེན་མུའུ་ཧན་མའོ་ཏི་ཡིས་ཚེས་བཅུ་དགུའི་ཉིན་བསྟན་དོན། འབྲེལ་ཐག་བཅད་པའི་རྒྱལ་ཁབ་དག་གིས་ཁཱ་ཐར་གྱི་བཀག་སྡོམ་བྱེད་ཐབས་རྩིས་མེད་དུ་མ་བཏང་ན། ཁཱ་ཐར་གྱིས་འབྲེལ་ཐག་བཅད་པའི་རྒྱལ་ཁབ་བར་གྲོས་མོལ་གང་ཡང་སྤེལ་མི་སྲིད་ཟེར།

མུའུ་ཧན་མའོ་ཏི་ཡིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། བཀག་སྡོམ་ཐེབས་པའི་ཁཱ་ཐར་གྱིས་གྲོས་མོལ་བྱེད་མི་སྲིད་པ་དང་། འབྲེལ་ཐག་བཅད་པའི་རྒྱལ་ཁབ་དག་གིས་གྲོས་མོལ་གྱི་ཆེད་དུ་བཀག་སྡོམ་བྱེད་ཐབས་རྩིས་མེད་དུ་གཏོང་དགོས་ཟེར། ཁོས་ནན་གྱིས་བསྟན་དོན། མི་སུ་ཡིན་ཡང་ང་ཚོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་དབང་ཆ་མེད་ལ། ཁཱ་ཐར་གྱི་ཕྱི་འབྲེལ་སྲིད་ཇུས་ལ་གྲོས་མོལ་བྱེད་དགོས་དོན་མེད་ཟེར།

མུའུ་ཧན་མའོ་ཏི་ཡིས་བསྟན་དོན། བཀག་སྡོམ་བྱེད་ཐབས་རྩིས་མེད་དུ་གཏོང་བ་ནི་གྲུབ་འབྲས་ལེན་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་ཞིང་། ད་ལྟའི་བར་ང་ཚོས་བཀག་སྡོམ་བྱེད་ཐབས་རྩིས་མེད་དུ་གཏོང་བའི་བྱ་སྤྱོད་གང་ཡང་མཐོང་མ་སོང་ཟེར།

སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། པཱ་ལིན་སོགས་རྒྱལ་ཁབ་ཀྱིས་ཚེས་ལྔ་ཉིན་ཁཱ་ཐར་གྱིས་འཇིགས་སྐུལ་རིང་ལུགས་བྱ་འགུལ་ལ་རྒྱབ་སྐྱོར་བྱེད་པ་དང་། ས་ཁུལ་གྱི་བདེ་འཇགས་གནས་བབ་ལ་གཏོར་བརླག་གཏོང་བཞིན་པ་རྒྱུ་མཚན་དུ་བྱས་ཏེ། ཁཱ་ཐར་བར་གྱི་འབྲེལ་ཐག་གཅོད་རྒྱུ་ཁྱབ་སྒྲོག་བྱས་པར་མ་ཟད། ཁཱ་ཐར་བར་གྱི་མཚོ་སྐམ་མཁའ་གསུམ་གྱི་འབྲེལ་ཐག་ཀྱང་བཅད་པ་རེད།

དོན་དེའི་ཐད་ནས་ཁཱ་ཐར་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཧ་ལས་པ་དང་ཡིད་འཕང་བའི་ཚུལ་བསྟན། གསལ་སྒྲོག་ལས་བཤད་རྒྱུར། སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། པཱ་ལིན་སོགས་ཀྱིས་ཁཱ་ཐར་བར་གྱི་འབྲེལ་ཐག་བཅད་པར་གནས་ལུགས་ཅི་ཡང་མེད། ཁཱ་ཐར་ནི་མཚོ་ཁུགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་ཁབ་ཡིན་པ་དང་། སྒྲིག་ཡིག་བརྩི་སྲུང་བྱེད་པ་དང་རྒྱལ་ཁབ་གཞན་པར་བརྩི་འཇོག་བྱེད་ལ། རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་་གཏོགས་གཏན་ནས་མི་བྱེད་པ་དང་། འཇིགས་སྐུལ་དང་ཐལ་སྤྱོད་བྱ་སྤྱོད་ལ་ངོ་རྒོལ་བྱེད་པའི་འོས་འགན་ལག་བསྟར་བྱེད་བཞིན་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།