ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇིའི་བག་འཁུམ་ཏང་དང་ཨིར་ལན་བྱང་མའི་དམངས་གཙོ་གཅིག་གྱུར་ཏང་གིས་མནའ་མཐུན་བཙུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་བཞུགས་ཤག་གིས་ཚེས་ཉེར་དྲུག་ཉིན་སྤྱི་སྒྲོག་སྤེལ་ཏེ། ཨིར་ལན་བྱང་མའི་དམངས་གཙོ་གཅིག་གྱུར་ཏང་དང་བག་འཁུམ་ཏང་གིས་གྲོས་མཐུན་བཀོད་དེ། གནད་དོན་གལ་ཆེན་ཐད་ནས་བག་འཁུམ་ཏང་ལ་རྒྱབ་སྐྱོར་བྱེད་པར་འཐད་པ་བྱུང་། དེ་ལས་དམངས་གཙོ་གཅིག་གྱུར་ཏང་གིས་ཆབ་སྲིད་མནའ་འབྲེལ་གྱི་ཐབས་ལ་བརྟེན་ནས་བག་འཁུམ་ཏང་སྲིད་གཞུང་གིས་སྲིད་སྐྱོང་བར་རོགས་རམ་བྱེད་པར་འཐད་པ་བྱུང་བ་མཚོན་ཡོད།

ཏང་ཁག་གཉིས་ཀྱིས་བཀོད་པའི་གྲོས་མཐུན་ལྟར་ན། དམངས་གཙོ་གཅིག་གྱུར་ཏང་གིས་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བ་དང་བདེ་འཇགས་གྲོས་གཞིའི་ཐད་ནས་བག་འཁུམ་ཏང་ལ་རྒྱབ་སྐྱོར་བྱེད་རྒྱུ་རེད། གྲོས་མཐུན་གྱི་གཏན་འཁེལ་ལྟར་ན། མ་འོངས་པའི་ལོ་གཉིས་ཀྱི་ནང་། དབྱིན་ཇིའི་སྲིད་གཞུང་གིས་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་དང་འཕྲོད་བསྟེན། སློབ་གསོ་སོགས་ཁྱབ་ཁོངས་ཐད་ཨིར་ལན་བྱང་མར་ཡང་བསྐྱར་དབྱིན་ཇིའི་སྒོར་མོ་ཐེར་འབུམ་གཅིག་གཏོང་རྒྱུ་རེད།

དབྱིན་ཇིའི་དབུ་བཞུགས་བློན་ཆེན། བག་འཁུམ་ཏང་གི་ཏང་གཙོ་ཐི་ལོས་ཧྲ་མཱེ་ཡིས་གྲོས་མཐུན་བཀོད་རྗེས་བསྟན་དོན། གྲོས་མཐུན་དེས་དབྱིན་ཇིའི་སྲིད་གཞུང་སྟོབས་དང་ལྡན་པར་འགན་སྲུང་བྱེད་ཐུབ་པ་དང་། དེ་ཡང་ཡོ་རོབ་གླིང་མནའ་འབྲེལ་དང་རྒྱལ་ཁབ་བདེ་འཇགས་ལ་འབྲེལ་བའི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཁང་ཞོལ་མ་ནས་ཆོག་མཆན་ཐོབ་པར་ཕན་ཐོགས་ཡོད་ཟེར། 
བག་འཁུམ་ཏང་དང་དམངས་གཙོ་གཅིག་གྱུར་ཏང་གིས་ཟླ་འདིའི་ཚེས་བརྒྱད་ཉིན་འདེམ་བསྐོ་བྱས་རྗེས་གྲོས་མོལ་བྱེད་མགོ་བརྩམས། ཐེངས་འདིའི་འདེམ་བསྐོ་ལས་བག་འཁུམ་ཏང་ལ་གྲོས་ཁང་ཞོལ་མའི་ཕྱེད་ཀའི་ཡན་གྱི་ལས་གནས་ཐོབ་མེད་པ་དང་། ཏང་ཁག་ཆུང་བས་རྒྱབ་སྐྱོར་ཐོབ་ན་ད་གཟོད་གྲོས་ཆོད་གལ་ཆེན་འགོད་ཐུབ་པ་རེད།

དམངས་གཙོ་གཅིག་གྱུར་ཏང་ནི་ཨིར་ལན་བྱང་མའི་ཆེས་ཆེ་བའི་སྲིད་ཏང་ཡིན་པ་དང་། བག་འཁུམ་ཏང་བར་འབྲེལ་འདྲིས་ཟབ་མོ་ཡོད་ལ། ཏང་ཁག་དེས་ཨིར་ལན་བྱང་མ་མུ་མཐུད་དུ་མཉམ་འབྲེལ་རྒྱལ་བོའི་རྒྱལ་ཁབ་ཏུ་འདུག་དགོས་པའི་འདོད་བློ་བཅངས་ཡོད་ལ། ཏང་ཁག་དེའི་གཙོ་འཛིན་གྱིས་སྔོན་ཆད་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བར་ངོ་རྒོལ་བྱས་མྱོང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།