ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་ཉེར་དགུ་པའི་སྟེང་ཡང་ན་གཞོན་གྱི་གནད་དོན་ལ་གཙིགས་འཛིན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་ཉེར་དགུ་བ་ཚེས་ཉེར་བདུན་ཉིན་ཨེ་ཙི་ཨོ་ཕི་ཡའི་རྒྱལ་ས་ཡ་ཏི་སི་ཡ་པེ་པ་ན་ཡོད་པའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་སྤྱི་ཁྱབ་ཁང་ནས་ཚོགས་མགོ་བརྩམས་པ་དང་། ན་གཞོན་གྱི་གནད་དོན་དེ་ཡང་བསྐྱར་སྐབས་འདིའི་མཐོ་རིམ་གྲོས་ཚོགས་ཀྱིས་དོ་སྣང་བྱེད་ཡུལ་དུ་གྱུར།

སྐབས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་བརྗོད་གཞི་ནི་ན་གཞོན་ལ་མ་དངུལ་བཏང་བ་བརྒྱུད་དེ་མི་གྲངས་ཀྱི་ཕན་ཁེ་ལོངས་སུ་སྤྱོད་དགོས་ཞེས་པ་དེ་རེད། ཚོགས་འདུ་ཟླ་བདུན་པའི་ཚེས་བཞི་ཉིན་བར་བསྡུ་རྒྱུ་ཡིན་ལ། དེའི་ནང་མགོ་གཙོའི་གྲོས་ཚོགས་ཟླ་བདུན་པའི་ཚེས་གསུམ་དང་ཚེས་བཞི་ཉིན་ལ་བསྡུ་རྒྱུ་རེད། ན་གཞོན་གྱི་གནད་དོན་ལས་གཞན་ད་དུང་ལི་པི་ཡི་དང་མཱ་ལེ། སོ་མ་ལེ་སོགས་རྒྱལ་ཁབ་ཀྱི་བདེ་འཇགས་གནས་བབ་དང་། ཨ་ཧྥེ་རི་ཁ་གླིང་གི་སྐམ་ས་ཆེན་མོའི་རང་དབང་ཉོ་ཚོང་ཁུལ་འཛུགས་སྐྲུན། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་བཅོས་སྒྱུར་སོགས་ཀྱང་སྐབས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་གྲོས་གཞི་གཙོ་བོ་རེད།

ཉེ་བའི་ལོ་འགའི་རིང་ལ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་ན་གཞོན་གྱི་སློབ་གསོ་དང་ལས་ཞུགས་སོགས་ཀྱི་གནད་དོན་ལ་སྔར་ལས་མཐོང་ཆེན་བྱེད་བཞིན་ཡོད། ད་ལོའི་ཟླ་དང་པོར་བསྡུས་པའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་ཉེར་བརྒྱད་པའི་བརྗོད་གཞི་ཡང་ན་གཞོན་ལ་མ་དངུལ་བཏང་བ་བརྒྱུད་དེ་མི་གྲངས་ཀྱི་ཕན་ཁེ་ལོངས་སུ་སྤྱོད་དགོས་ཞེས་པ་དེ་རེད།

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཏི་ལ་མུས་ཉི་ཙུའུ་མཱ་ཡིས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་ཉེར་བརྒྱད་པའི་སྟེང་བསྟན་དོན། ཨ་ཧྥེ་རི་ཁ་གླིང་ལ་ལོ་བཅོ་ལྔ་དང་ཉེར་བཞིའི་བར་གྱི་ན་གཞོན་ལོ་ཆུང་དུང་ཕྱུར་གཉིས་ལྷག་ཡོད་ལ། ཉིས་སྟོང་ཉེར་ལྔ་ལོར་ཐོན་སྐབས་ཨ་ཧྥེ་རི་ཁ་གླིང་གི་ན་གཞོན་གྱི་མི་གྲངས་ཀྱིས་འཛམ་གླིང་གི་ན་གཞོན་མི་གྲངས་ཀྱི་བཞི་ཆའི་གཅིག་ཟིན་རྒྱུ་རེད། ཡིན་ནའང་ཨ་ཧྥེ་རི་ཁ་གླིང་གི་ལས་ཤོར་མི་ཚོགས་བརྒྱ་ཆའི་དྲུག་ཅུ་ནི་ན་གཞོན་ཡིན་པ་དང་། ན་གཞོན་གྱི་ལས་ཤོར་གྱི་ཚད་ནི་དར་མའི་ལས་ཀ་ཤོར་ཚད་ཀྱི་ལྡབ་གཉིས་རེད་ཟེར། ཁོ་མོས་ཨ་ཧྥེ་རི་ཁ་གླིང་གིས་དཔལ་འབྱོར་སྣ་མང་ཅན་དང་ཞིང་ལས་དེང་རབས་ཅན་དང་བཟོ་ལས་ཅན་སོགས་སྤེལ་ནས། ན་གཞོན་ལ་ལས་ཞུགས་ཀྱི་གོ་སྐབས་སྐྲུན་དགོས་པའི་འབོད་སྐུལ་བཏང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།