ཀྲུང་གོ་བོད་ཀྱི་དྲ་བ།

སོ་ཏི་ཨ་རབ་ཀྱིས་རྒྱལ་ཁབ་བཞིས་ཁ་ཐར་ལ་བཏོན་པའི་རེ་བ་དེའི་ཐད་ནས་གྲོས་མོལ་བྱེད་རྒྱུ་ཅི་ཡང་མེད་ཅེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་ཀྲུའུ་པད་ཨར་གྱིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། སོ་ཏི་ཨ་རབ་སོགས་རྒྱལ་ཁབ་བཞི་ཡིས་ཁ་ཐར་རྒྱལ་ཁབ་ལ་བཏོན་པའི་ཕན་ཚུན་བར་གྱི་འབྲེལ་མཚམས་བཞག་པའི་ཉེན་ཚབས་ཐག་གཅོད་པའི་རེ་བ་དེའི་ཐད་ནས་གྲོས་མོལ་བྱེད་རྒྱུ་ཅི་ཡང་མེད་ཟེར།

ཀྲུའུ་པད་ཨར་གྱིས་ཉིན་དེར་སྤྱི་ཚོགས་སྨྱན་བྱེད་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། སོ་ཏི་ཨ་རབ་དང་ཨེ་ཅིབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། པ་རན་བཅས་ཀྱིས་རྒྱལ་ཁབ་བཞིས་བཏོན་པའི་རེ་བའི་ཐད་ནས་ཁ་ཐར་དབང་འཛིན་ལས་ཁུངས་ལ་གྲོས་མོལ་ཅི་ཡང་བྱེད་མི་སྲིད་ཟེར།

གཞན་ཡང་སོ་ཏི་ཨ་རབ་ཀྱི་སྨྱན་བྱེད་ཀྱིས་བསྒྲགས་པ་ལྟར་ན། ཁ་ཐར་གྱི་ཕྱི་འབྲེལ་བློན་ཆེན་མུའུ་ཧན་མོ་ཏི་ཡིས་ཨ་མེ་རི་ཁར་འཚམས་འདྲི་བྱས་ཏེ། ཐེངས་འདིར་འབྲེལ་མཚམས་བཞག་པའི་ཉེན་ཚབས་ཐད་ནས་ཨ་མེ་རི་ཁར་གྲོས་མོལ་བྱེད་རྒྱུ་རེད་ཟེར།

ཟླ་དྲུག་པའི་ཚེས་ལྔ་ཉིན། སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། པ་རན། ཨེ་ཅིབ་བཅས་ཀྱིས་ཁ་ཐར་གྱིས་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱས་པ་དང་། ས་ཁུལ་གྱི་བདེ་འཇགས་གནས་བབ་ལ་གཏོར་བརླག་བྱས་པ་རྒྱུ་མཚན་དུ་བྱས་ནས། ཁ་ཐར་དང་འབྲེལ་མཚམས་བཞག་པ་ཁྱབ་སྒྲོག་བྱས་པ་མ་ཟད། ཁ་ཐར་ལ་དངོས་རྫས་སྐྱེལ་འདྲེན་བྱེད་མཚམས་འཇོག་པ་དང་བཀག་སྡོམ་བྱེད་འགོ་བརྩམས། དེའི་རྗེས་སུ་རྒྱལ་ཁབ་འགའ་ཡིས་ཁ་ཐར་དང་འབྲེལ་མཚམས་བཞག་པ་ཁྱབ་སྒྲོག་བྱས།

ཨེ་ཅིབ་རྒྱལ་ཁབ་ཀྱི་བརྙན་འཕྲིན་ཁང་གིས་ཚེས་ཉེར་གསུམ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། སོ་ཏི་ཨ་རབ་སོགས་རྒྱལ་ཁབ་བཞི་ཡིས་ཁ་ཐར་ལ་རེ་བ་བཅུ་གསུམ་བཏོན་ནས་འབྲེལ་མཚམས་བཞག་པའི་ཉེན་ཚབས་ཐག་གཅོད་པའི་ཆ་རྐྱེན་བཏོན་པ་མ་ཟད། ཁ་ཐར་གྱིས་ཉིན་བཅུའི་ནང་གོང་གི་རེ་བ་དེ་དག་བསྐོང་དགོས་པའི་དུས་བཅད་བྱས་ལ། ཁ་ཐར་ཕྱོགས་ཀྱིས་སོ་ཏོ་ཨ་རབ་སོགས་རྒྱལ་ཁབ་ཀྱིས་བཏོན་པའི་རེ་བ་དེས་ཁ་ཐར་གྱི་བདག་དབང་ལ་ཚོད་འཛིན་བྱས་ཡོད་ཅེས་བཤད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།