ཀྲུང་གོ་བོད་ཀྱི་དྲ་བ།

ཕོ་བྲང་དཀར་པོས་སི་རི་ཡས་རྫས་འགྱུར་མཚོན་ཆའི་འཇབ་རྒོལ་ལ་གྲ་སྒྲིག་བྱས་པར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་སི་རི་ཡའི་སྲིད་གཞུང་གིས་གསར་དུ་རྫས་འགྱུར་མཚོན་ཆའི་འཇབ་རྒོལ་སྤེལ་བར་གྲ་སྒྲིག་བྱེད་བཞིན་པ་ཤེས་ཡོད་པར་མ་ཟད། སི་རི་ཡའི་སྲིད་གཞུང་གིས་དེའི་ཆེད་དུ་ཕམ་ཁ་ཆེན་པོ་ཉོ་སྲིད་པའི་ཉེན་བརྡ་བཏང་བ་ཡིན་ཟེར།

ཕོ་བྲང་དཀར་པོས་ཚེས་ཉེར་དྲུག་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། སི་རི་ཡའི་སྲིད་གཞུང་གི་མིག་སྔའི་གྲ་སྒྲིག་བྱ་བ་དེ་ཟླ་བཞི་བའི་ཚེས་བཞི་ཉིན་གྱི་རྫས་འགྱུར་མཚོན་ཆའི་འཇབ་རྒོལ་དོན་རྐྱེན་སྔོན་ལ་གྲ་སྒྲིག་བྱས་པ་དང་འདྲ་ལ། སྐབས་དེར་རྫས་འགྱུར་མཚོན་ཆའི་འཇབ་རྒོལ་ཁྲོད་ནས་མི་སེར་བཅུ་ཕྲག་འགའ་བསད་པས། ཐི་ལང་ཕུའུ་ཡིས་བཀའ་བབས་ནས་སི་རི་ཡའི་མཁའ་དམག་རྟེན་གཞི་ལ་འཕུར་མདའ་འཕེན་དུ་བཅུག་པ་རེད་ཟེར། གསལ་སྒྲོག་ནང་དུ་བཤད་རྒྱུར། ཨ་མེ་རི་ཁའི་སི་རི་ཡའི་དམག་དོན་འགུལ་སྐྱོད་ཀྱི་དམིགས་འབེན་ནི་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་རྩ་མེད་དུ་གཏོང་རྒྱུ་དེ་ཡིན་མོད། ཡིན་ནའང་གལ་ཏེ་སི་རི་ཡའི་སྲིད་གཞུང་གིས་ཡང་བསྐྱར་རྫས་འགྱུར་མཚོན་ཆའི་འཇབ་རྒོལ་བསླངས་ན། སི་རི་ཡའི་ཙུང་ཐུང་པ་ཧྲ་ཨར་ཨ་ས་ཏི་དང་སི་རི་ཡའི་སྲིད་གཞུང་དམག་གིས་དེའི་ཆེད་དུ་ཕམ་ཁ་ཆེན་མོ་ཉོ་སྲིད་ཟེར། ཡིན་ནའང་ཕོ་བྲང་དཀར་པོའི་གསལ་སྒྲོག་དེའི་ནང་དུ་སི་རི་ཡའི་སྲིད་གཞུང་ལ་འཆར་གཞི་ཅི་ཞིག་ཡོད་པ་གསལ་པོར་བཤད་མེད་པ་དང་། ཨ་མེ་རི་ཁས་དེར་ཇི་ལྟར་ཁ་གཏད་འཇལ་སྲིད་པ་ཡང་གསལ་པོར་བཤད་མེད། ཨ་མེ་རི་ཁའི་དཔོན་རིགས་ཤིག་གིས་བཤད་རྒྱུར། ཨ་མེ་རི་ཁ་དང་མནའ་འབྲེལ་དམག་དཔུང་གི་གསང་འཕྲིན་མི་སྣས་དུས་ཚོད་ངེས་ཅན་ཞིག་ལ་ཞིབ་འཇུག་བྱས་རྗེས། པ་ཧྲ་ཨར་སྲིད་གཞུང་གིས་རྫས་འགྱུར་མཚོན་ཆ་སྦས་སྲིད་པའི་ས་གནས་འགའ་གཏན་ཁེལ་བྱས་ཡོད་ཟེར།

ཨ་མེ་རི་ཁའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་མི་ཉི་ཅི་ཧེ་ལེ་ཡིས་ཚེས་ཉེར་དྲུག་ཉིན་གྱི་དགོང་མོར་དྲ་ཚིགས་སྟེང་བསམ་ཚུལ་སྤེལ་ནས་ཕོ་བྲང་དཀར་པོའི་གོང་གི་རྣམ་འགྱུར་དེར་རྒྱབ་སྐྱོར་བྱས། ཁོ་མོས་གལ་ཏེ་པ་ཧྲ་ཨར་གྱིས་ཡང་བསྐྱར་རྫས་འགྱུར་མཚོན་ཆའི་འཇབ་རྒོལ་བསླངས་ན། ཨུ་རུ་སི་དང་དབྱི་ལང་གཉིས་ནི་དེའི་རྒྱབ་རོགས་ཡིན་སྲིད་ཅེས་བཤད། དེའི་ཐད་ནས་ཨུ་རུ་སི་ཕྱོགས་ཀྱིས་མྱུར་དུ་དེར་ལན་བཏབ། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུའུ་ཡིས་ཚེས་ཉེར་བདུན་ཉིན་གསར་འགོད་པར་སི་རི་ཡའི་མགོ་ཁྲིད་ལ་འཇིགས་སྣང་བསླངས་པ་དེ་ནི་དང་ལེན་བྱེད་དཀའ་བ་ཞིག་རེད་ཅེས་བཤད། ཕེ་སི་ཁོ་ཧྥུའུ་ཡིས་ད་དུང་ཁོས་རྫས་འགྱུར་མཚོན་ཆའི་འཇིགས་སྣང་ཐད་ཀྱི་གནས་ཚུལ་ཅི་ཡང་མི་ཤེས་ཞེས་བཤད། སི་རི་ཡའི་ཨ་རབ་ཆ་འཕྲིན་དྲ་བ་ཞེས་པའི་དབྱེ་ཞིབ་བྱས་པ་ལྟར་ན། ཐེངས་འདིར་ཨ་མེ་རི་ཁས་སི་རི་ཡས་རྫས་འགྱུར་མཚོན་ཆའི་འཇབ་རྒོལ་སློང་སྲིད་ཅེས་བཤད་པ་དེ་ནི། ཨ་མེ་རི་ཁས་ཡང་བསྐྱར་སི་རི་ཡ་ལ་དྲག་ཤུགས་སྤྱོད་པར་རྨང་གཞི་བཏིངས་པ་རེད་ཟེར།

ཨ་མེ་རི་ཁའི་སྐྱོན་བརྗོད་ཀྱི་ཐད་ནས། དབྱི་ལང་གི་ཕྱི་འབྲེལ་དཔོན་པོ་ཀྲ་ལེ་ཧྥུའུ་ཡིས་ཕོ་བྲང་དཀར་པོའི་བྱ་སྤྱོད་དེས་ཉེན་ཁའི་གནས་བབ་ཚབས་ཆེན་དུ་གཏོང་སྲིད་ཅེས་བཤད། ཁོས་བཤད་རྒྱུར། ཕོ་བྲང་དཀར་པོའི་ཉེན་བརྡ་དེ་ནི་ཁུངས་སྣེ་རྫུན་མ་ལས་བྱུང་བ་ཡིན་པས། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་གྲོགས་སུ་འགྱུར་སྲིད་པ་དང་། ལྷག་པར་དུ་སི་རི་ཡ་དང་དབྱི་རག་གི་མི་དམངས་ཀྱིས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་རྩ་མེད་དུ་གཏོང་བཞིན་པའི་སྐབས་འདིར་སྐད་ཆ་དེ་འདྲ་བཤད་པ་ནི་ཧ་ཅང་མི་འོས་པ་ཞིག་རེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།