ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལེ་སི་ཡིས་སའེ་ཕུའུ་ལུའུ་སིའི་གནད་དོན་གྱི་ཕྱོགས་སོ་སོས་གྲོས་མོལ་གྱི་གོ་སྐབས་དམ་འཛིན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚེས་ཉེར་བདུན་ཉིན་གསལ་སྒྲོག་སྤེལ་ནས། སའེ་ཕུའུ་ལུའུ་སིའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་གསར་བ་མི་འགྱང་བར་སུའེ་ཙེར་ནས་བསྡུ་རྒྱུ་ཡིན་པར་དགའ་བསུ་ཞུས་པ་དང་། སའེ་ཕུའུ་ལུའུ་སིའི་གནད་དོན་གྱི་ཕྱོགས་སོ་སོས་གོ་སྐབས་དམ་འཛིན་བྱས་ཏེ། གནད་དོན་ཐད་ནས་ཐག་གཅོད་ཇུས་གཞི་ཁྱོན་ཡོངས་ནས་གཅིག་གྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལེ་སི་ཡིས་སའེ་ཕུའུ་ལུའུ་སིའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་གསར་བ་མི་འགྱང་བར་སུའེ་ཙེར་གྱི་ཁི་ལང་མིན་ཏ་ན་ནས་བསྡུ་རྒྱུ་ཡིན་ཞེས་བཤད། ཁོས་ཕྱོགས་སོ་སོས་གནད་དོན་ཐག་གཅོད་པའི་ཐད་ནས་གོམ་སྟབས་གལ་ཆེན་ཞིག་སྤོ་བའི་ཆོད་སེམས་བསྟན་པར་དགའ་བསུ་ཞུས་པ་དང་། འབྲེལ་ཡོད་ཕྱོགས་སོ་སོས་སའེ་ཕུའུ་ལུའུ་སི་དང་ས་དཀྱིལ་རྒྱ་མཚོའི་ཤར་ཕྱོགས་ས་ཁུལ་གྱི་ཆེད་དུ་གོ་སྐབས་དེ་དམ་འཛིན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལེ་སི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཡིན་པའི་ཆ་ནས། ཁོས་བྱ་བ་དེར་རྒྱབ་སྐྱོར་ལྷོད་མེད་བྱེད་རྒྱུའི་ཚུལ་བསྟན་པ་མ་ཟད། ཚོགས་འདུར་ཞུགས་པའི་ཕྱོགས་སོ་སོས་རང་གི་འདོད་བློ་དང་མགོ་ཁྲིད་ནུས་པ་ངོམ་སྟེ། གནད་དོན་ཁྱོན་ཡོངས་ནས་ཐག་གཅོད་པའི་ཇུས་གཞི་འགོད་རྒྱུའི་འབོད་སྐུལ་བཏང་བ་ཡིན་ཟེར།

ཟླ་འདིའི་ཟླ་འགོར། ཀུའུ་ཐི་ལེ་སི་ཡིས་སའེ་ཕུའུ་ལུའུ་སིའི་རིགས་རྒྱུད་གཉིས་ཀྱི་མགོ་ཁྲིད་པ་ཉིག་ཡའོ་ལ་གདན་དྲངས་ནས། སའེ་ཕུའུ་ལུའུ་སིའི་གཅིག་གྱུར་གྱི་གྲོས་མོལ་ཐད་ནས་གྲོས་སྡུར་བྱས། ཕྱོགས་སོ་སོས་ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན་སུའེ་ཙེར་ནས་སའེ་ཕུའུ་ལུའུ་སིའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་གསར་བ་བསྡུ་རྒྱུའི་ཐག་བཅད།

གཅིག་སྟོང་དགུ་བརྒྱ་དོན་བཞི་ལོའི་ཟླ་བདུན་པར། སའེ་ཕུའུ་ལུའུ་སིའི་རྒྱལ་དམངས་སྲུང་དམག་རུ་ཁག་ཁྲོད་ཀྱི་ཞི་ལའི་དམག་དཔོན་གྱིས་དམག་དོན་སྲིད་འགྱུར་བསླངས་ནས། སའེ་ཕུའུ་ལུའུ་སི་དང་ཞི་ལ་གཉིས་ཁུ་སྡུད་བྱེད་པའི་ལས་འགུལ་སྤེལ་རྩིས་བྱས། ཐུར་ཁེ་རྒྱལ་ཁབ་ཀྱིས་ས་དེའི་ཐུར་ཁེ་རིགས་ཀྱི་སྡོད་དམངས་ལ་སྲུང་སྐྱོབ་བྱེད་པ་རྒྱུ་མཚན་དུ་བྱས་ཏེ་དམག་མངགས་ནས་དོན་དེར་ཐེ་གཏོགས་བྱས་པ་མ་ཟད། སའེ་ཕུའུ་ལུའུ་སིའི་བྱང་ཕྱོགས་ཀྱི་གླིང་ཕྲན་ཡོངས་ཀྱི་སུམ་ཆའི་གཅིག་གི་ས་བདག་ཏུ་བཟུང་། གཅིག་སྟོང་དགུ་བརྒྱ་གྱ་གསུམ་ལོར། ཐུར་ཁེ་རིགས་ཀྱིས་སའེ་ཕུའུ་ལུའུ་སིའི་བྱང་ཕྱོགས་ནས་སའེ་ཕུའུ་ལུའུ་སི་བྱང་མའི་ཐུར་ཁེ་སྤྱི་མཐུན་རྒྱལ་ཁབ་ཅེས་པ་བཙུགས་པ་ཡིན་ཞེས་བསྒྲགས་མོད། ཡིན་ནའང་མིག་སྔའི་བར་དུ་ཐུར་ཁེ་ཕྱོགས་ཁོ་ནས་མ་གཏོགས་དེ་ཁས་བླངས་མེད། མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་སའེ་ཕུའུ་ལུའུ་སི་རུ་ཡུན་རིང་པོར་བདེ་སྲུང་དམག་དཔུང་བཀོད་སྒྲིག་བྱས་ཡོད་པ་མ་ཟད། ཞི་ལ་རིགས་དང་ཐུར་ཁེ་རིགས་གཉིས་ཀྱི་མགོ་ཁྲིད་པས་གཅིག་གྱུར་ཐད་ཀྱི་གྲོས་མོལ་བྱེད་པར་ཡང་དང་བསྐྱར་དུ་བར་འདུམ་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།