ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མགོ་གཙོའི་གྲོས་ཚོགས་སྐབས་ཉེར་དགུ་བ་ཨེ་ཙེ་ཨོ་ཕུ་ཡཱ་ནས་ཚོགས་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མགོ་གཙོའི་གྲོས་ཚོགས་སྐབས་ཉེར་དགུ་བ་ཚེས་གསུམ་ཉིན་ཨེ་ཙེ་ཨོ་ཕུ་ཡཱའི་རྒྱལ་ས་ཡཱ་ཏི་སི་ཡཱ་པེ་པཱ་རུ་ཡོད་པའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ནས་ཚོགས་མགོ་བརྩམས།

ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་ན་གཞོན་ལ་དངུལ་གཏོང་བྱས་ཏེ་མི་གྲངས་ཀྱི་ཁེ་སྤོགས་བེད་སྤྱོད་བྱེད་དགོས་ཞེས་པ་དེ་ཡིན། ཚོགས་ཡུན་ཉིན་གཉིས་ཀྱི་གྲོས་ཚོགས་སྐབས་སུ་རྒྱལ་ཁབ་སོ་སོའི་མགོ་གཙོས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་བཅོས་བསྒྱུར་དང་། ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་རང་དབང་ཉོ་ཚོང་ས་ཁུལ་གྱི་འཛུགས་སྐྲུན། དེ་མིན་ཞི་བདེ་དང་བདེ་འཇགས་སོགས་གྲོས་གཞིའི་ཐད་ནས་གྲོས་བསྡུར་བྱས་ཏེ། སྔར་ལས་རྒྱ་ཆེ་བའི་ཐུན་མོང་གི་ལྟ་ཚུལ་འབྱུང་བར་བྱེད་རྒྱུ་མ་ཟད། འབྲེལ་ཡོད་གྲོས་ཆོད་ལག་བསྟར་བྱེད་པར་ཡར་སྐུལ་གཏོང་རྒྱུ་རེད།

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་ཡིས་མཐོ་རིམ་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་བཅོས་བསྒྱུར་ལ་དམིགས་ཏེ། མིག་སྔར་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་སོ་སོས་འགུལ་སྐྱོད་རབ་དང་རིམ་པ་སྤེལ་ནས་བཅོས་བསྒྱུར་དངོས་འབེབ་ལ་ཡར་སྐུལ་གཏོང་བཞིན་ཡོད་ཟེར། ཧྥ་ཅི་ཡིས་བཤད་རྒྱུར། ཞི་བདེ་དང་བདེ་འཇགས་ནི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཆེས་དོ་སྣང་བྱེད་པའི་གྲོས་གཞི་ཞིག་ཡིན་པ་དང་། ཟིང་འཁྲུག་དང་འཇིགས་སྐུལ་རིང་ལུགས་དེ་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་མང་བོར་སྔར་བཞིན་གནས་ཡོད་ཅིང་། སུའུ་ཏན་ལྷོ་མ་དང་། སོ་མཱ་ལི། ལི་པུ་ཡཱ། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་སོགས་ཀྱི་བདེ་འཇགས་གནས་བབ་སྔར་བཞིན་ཛ་དྲག་ཆེ་ཟེར། ཁོས་བསྟན་དོན། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་མུ་མཐུད་དུ་ཨ་ཧྥེ་རི་ཁ་གླིང་གི་ཞི་བདེ་དང་བདེ་འཇགས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་པར་བརྩོན་ལེན་བྱས་ཤིང་། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་སོ་སོས་ཆབ་སྲིད་ཐབས་ལམ་ལ་བརྟེན་ནས་ས་ཁུལ་གྱི་འཁྲུག་རྩོད་དང་དྲག་ཤུགས་ཐག་གཅོད་བྱེད་པའི་སྐུལ་མ་གཏོང་རྒྱུ་ཡིན་ཟེར། ཁོས་ད་རུང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་སོ་སོས་སེམས་འདུན་དང་འབོད་སྒྲ་གཅིག་མཐུན་ཡིན་དགོས་པའི་འབོད་སྐུལ་བཏང་།

ཨ་ཧྥེ་རི་ཁ་གླིང་གི་རེས་སྐོར་ཀྲུའུ་ཞི། ཀེའུ་ནེ་ཡཱའི་ཙུང་ཐུང་ཁུང་ཏའེ་ཡིས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ན་གཞོན་གྱི་འཕེལ་རྒྱས་ལས་བྱུང་བའི་མི་གྲངས་ཀྱི་ཁེ་སྤོགས་དེས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གིས་དཔལ་འབྱོར་མགྱོགས་མྱུར་འཕར་སྣོན་དང་བཟོད་སྒོམ་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་པར་རོགས་འདེགས་ཀྱི་ནུས་པ་ཐོན་སྲིད་པ་དང་། དེ་ལས་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཇེ་མཐོར་འགྲོ་སྲིད་ཟེར། ཁོས་བཤད་རྒྱུར། བདེ་ཐང་དང་མཐོ་རིམ་སློབ་གསོ་མྱོང་བ། གསར་གཏོད་ནུས་པ་ལྡན་པའི་ན་གཞོན་ནི་ཨ་ཧྥེ་རི་ཁ་གླིང་གི་ཞི་བདེ་དང་གཏན་འཇགས། བདེ་འཇགས་བཅས་ལ་འགན་སྲུང་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཡིན་ཟེར།

ཁུང་ཏའེ་ཡིས་ད་རུང་བསྟན་དོན། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་ཆབ་སྲིད་དང་དཔལ་འབྱོར་གཞི་གཅིག་ཅན་གྱི་གལ་ཆེན་རང་བཞིན་ལ་ངོས་འཛིན་གསལ་བོ་བྱས་ཏེ། མཉམ་དུ་ན་གཞོན་གྱི་འཕེལ་རྒྱས་ཐད་གོ་སྐབས་བཟང་བོ་འདོན་སྤྲོད་བྱེད་དགོས་ཟེར། ཁོས་ད་རུང་བསྟན་དོན། ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱིས་འོས་ཤིང་འཚམ་པའི་སྨན་བཅོས་མ་ལག་དང་གསོ་སྦྱོང་ལམ་ལུགས་བཙུགས་ཏེ། ཨ་ཧྥེ་རི་ཁ་གླིང་གི་ན་གཞོན་གྱིས་རང་སྟེང་གི་སྦས་ཤུགས་སྔོག་འདོན་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་སྤྱིའི་ངལ་རྩོལ་ནུས་པའི་ཚོང་རའི་འགྲན་རྩོད་ཇེ་དྲག་ཏུ་འགྲོ་བར་རོགས་རམ་བྱེད་དགོས་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།