ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་དམག་ཕྱོགས་ཀྱིས་སི་རི་ཡཱའི་ལྷོ་ཕྱོགས་ས་ཁུལ་ནས་ཉིན་བཞི་ལ་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས།

    སྤེལ་དུས། : 2017-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་གསུམ་ཉིན་སི་རི་ཡཱའི་ལྷོ་ཕྱོགས་ས་ཁུལ་དུ་ཉིན་བཞིའི་རིང་འཁྲུག་རྩོད་མཚམས་འཇོག་རྒྱུ་ཡིན་པ་ཁྱབ་སྒྲོག་བྱས་པ་དང་། འཁྲུག་རྩོད་མཚམས་འཇོག་པའི་དུས་ཚོད་ནི་ཚེས་གཉིས་ཉིན་གྱི་ཉིན་གུང་གི་དུས་ཚོད་བཅུ་གཉིས་ནས་ཚེས་དྲུག་ཉིན་གྱི་ནམ་གུང་བར་རེད།

སི་རི་ཡཱའི་དམག་ཕྱོགས་ཀྱིས་གསལ་སྒྲོག་ནང་བཤད་རྒྱུར། ཐེངས་འདིའི་འཁྲུག་རྩོད་མཚམས་འཇོག་པའི་ཁྱབ་ཁོངས་ལ་སི་རི་ཡཱའི་ལྷོ་ཕྱོགས་ཀྱི་ཏི་ལཱ་དང་ཁུའུ་ནཱ་ཐི་ལཱ། སུའུ་ཝེ་ཏཱ་བཅས་ཞིང་ཆེན་འདུས། དམིགས་ཡུལ་ནི་ཞི་བདེའི་འཕེལ་རིམ་དང་མི་རིགས་འགྲིག་མཐུན་ལ་རྒྱབ་སྐྱོར་བྱེད་པའི་ཆེད་རེད། གསལ་སྒྲོག་ལས་ནན་གྱིས་བསྟན་དོན། སི་རི་ཡཱའི་དམག་ཕྱོགས་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་བྱ་བར་གཏོར་བརླག་བྱེད་པའི་བྱ་སྤྱོད་གང་རུང་ལ་དགོས་ངེས་ཀྱི་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར།

དེ་ནི་ཟླ་སྔོན་མའི་ཚེས་བཅུ་བདུན་ཉིན་ཏི་ལཱ་ཞིང་ཆེན་ནས་དུས་ཚོད་ཞེ་བརྒྱད་རིང་འཁྲུག་རྩོད་མཚམས་འཇོག་པ་ཁྱབ་སྒྲོག་བྱས་རྗེས། སི་རི་ཡཱའི་དམག་ཕྱོགས་ཀྱིས་ཡང་བསྐྱར་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས་པ་རེད།

སི་རི་ཡཱའི་གནད་དོན་གྱི་ཨ་སི་ཐཱ་ནཱའི་ཞི་བའི་གྲོས་མོལ་སྐོར་ཐེངས་ལྔ་བ་དེ་ཟླ་བདུན་པའི་ཚེས་བཞི་ཉིན་ནས་ཚེས་ལྔ་ཉིན་སྤེལ་རྒྱུ་ཡིན་པ་རེད། དབྱེ་ཞིབ་པས་བལྟས་ན། སི་རི་ཡཱའི་དམག་ཕྱོགས་ཀྱིས་ཞི་བའི་གྲོས་མོལ་མགོ་མ་བརྩམས་གོང་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས་ཏེ་ཛ་དྲག་གི་སྣང་ཚུལ་ཞི་འཇགས་སུ་གཏོང་བར་བསམ་བློ་བཏང་བ་ཡིན་སྲིད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།