ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ཡིས་ཟླ་བདུན་པའི་ཚེས་དགུ་ཉིན་རྒྱལ་ས་ཅི་ཧྥུའུ་ནས་འཚམས་འདྲིར་སོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཏིས་ལི་སིན་ལ་ཐུག་འཕྲད་བྱས། ཕྱོགས་གཉིས་ཀྱིས་ཝུའུ་ཁི་ལན་གྱི་མིག་སྔའི་ཁྱབ་ཁོངས་སོ་སོའི་བཅོས་སྒྱུར་འཕེལ་རིམ་དང་ཆབ་སྲིད་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་སོགས་གནད་དོན་ཐག་གཅོད་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས། དབྱེ་ཞིབ་མི་སྣས་བཤད་པ་ལྟར་ན། དེ་ནི་ཏིས་ལི་སིན་གྱིས་ཐོག་དང་པོར་ཝུའུ་ཁི་ལན་ལ་འཚམས་འདྲི་བྱས་པ་ཡིན། ཁོ་དང་མཉམ་དུ་འཚམས་འདྲིར་སོང་མཁན་ལ་ད་རུང་གསར་དུ་བསྐོས་པའི་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བུའུ་ཁི་ལན་གནད་དོན་གྱི་དམིགས་བསལ་འཐུས་མི་ཝོ་ཨར་ཁི་ཡོད། དེ་ལས་ཐི་ལིང་ཕུའུ་སྲིད་གཞུང་གིས་ཝུའུ་ཁི་ལན་གནད་དོན་ལ་སྔར་ལས་ལྷག་པའི་བར་འདུམ་བྱེད་འདོད་ཡོད་པའི་རྣམ་འགྱུར་མཚོན་ཡོད།
པའོ་ལོ་ཧྲིན་ཁི་ཡིས་ཐུག་འཕྲད་བྱས་ཚར་རྗེས་ཕྱོགས་གཉིས་ཀྱི་གྲོས་མོལ་དུས་ལ་ཁེལ་བ་དང་གྲུབ་འབྲས་ལྡན་པ་ཡིན་ཟེར། པའོ་ལོ་ཧྲིན་ཁི་ཡིས་བཤད་རྒྱུར། ཏིས་ལི་སིན་རྒྱལ་ཁབ་ཉི་ཤུ་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ཧན་པོ་མཐོ་རིམ་གྲོས་ཚོགས་གྲོལ་མ་ཐག་ཏུ་ཝུའུ་ཁི་ལན་ལ་འཚམས་འདྲིར་ཡོང་བས། དེར་དོན་སྙིང་གལ་ཆེན་ལྡན། ཏིས་ལི་སིན་གྱིས་ཁོ་ལ་ཨ་མེ་རི་ཁ་དང་ཨུ་རུ་སིའི་མགོ་ཁྲིད་པས་ཧན་པའོ་ནས་གྲོས་མོལ་བྱས་པའི་གནས་ཚུལ་དང་། ཁྱད་པར་དུ་ཝུའུ་ཁི་ལན་ཉམས་ཉེན་གྱི་ནང་དོན་མཚམས་སྦྱོར་བྱས། ཝུའུ་ཁི་ལན་དང་ཨ་མེ་རི་ཁ་གཉིས་ཀྱིས་དེའི་ཐད་ནས་ལངས་ཕྱོགས་སྔར་ལས་མཐུན་སྦྱོར་བྱས། ཨ་མེ་རི་ཁས་ཨུ་རུ་སི་དང་ཧྥ་རན་སི། འཇར་མན། ཝུའུ་ཁི་ལན་བཅས་ཕྱོགས་བཞི་ཡིས་མྱུར་དུ་གྲོས་མོལ་བྱས་ཏེ། ཝུའུ་ཁི་ལན་ཉམས་ཉེན་གྱི་འབྲེལ་ཡོད་ཕྱོགས་སོ་སོས་མུ་མཐུད་དུ་གྲོས་མོལ་བྱེད་པ་དང་། མེན་སི་ཁོའི་དམག་འཁྲུག་མཚམས་འཇོག་པའི་གཏན་འབེབས་སྐོར་གྱི་དོན་ཚན་དངོས་སུ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཏིས་ལི་སིན་གྱིས་ཨ་མེ་རི་ཁའི་ཝུའུ་ཁི་ལན་གནད་དོན་ཐད་ཀྱི་ལངས་ཕྱོགས་བསྐྱར་སྒྲོག་བྱས་པ་དང་། ཝུའུ་ཁི་ལན་གྱི་མངའ་ཁོངས་ཆ་ཚང་བར་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། ཨུ་རུ་སི་ཡིས་མེན་སི་ཁོའི་གྲོས་མཐུན་ཡོངས་སུ་ལག་བསྟར་མ་བྱས་པའི་སྔོན་ལ། ཨ་མེ་རི་ཁིས་ཨུ་རུ་སིར་འབྲེལ་ཡོད་བཀག་སྡོམ་བྱས་པ་མེད་པར་གཏོང་རྒྱུ་མིན་ཞེས་ནན་གྱིས་བསྟན། ཡིན་ན་ཡང་། ཏིས་ལི་སིན་གྱིས་བཤད་རྒྱུར། ཨ་མེ་རི་ཁ་དང་ཨུ་རུ་སི་གཉིས་ཀྱིས་འབྲེལ་བ་ཇེ་ལེགས་སུ་གཏོང་བ་དེ་ཝུའུ་ཁི་ལན་ཉམས་ཉེན་ཐག་གཅོད་བྱེད་པར་ཕན་པ་ཡོད་སྲིད་ཟེར།
ཝུའུ་ཁི་ལན་རྒྱལ་སྤྱིའི་གནད་དོན་གྱི་ཆེད་མཁས་པ་པུའུ་ཀྲ་ལོ་ཧྥུའུ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཏིས་ལི་སིན་གྱི་ཐེངས་འདིའི་འཚམས་འདྲིའི་ནང་དོན་གཙོ་བོ་ནི་ཨ་མེ་རི་ཁའི་སྔོན་ཆད་ཀྱི་བྱང་ཆིངས་རྩ་འཛུགས་ཀྱི་རྒྱུན་སྡོད་འཐུས་མི་ཝོ་ཨར་ཁི་ཨ་མེ་རི་ཁའི་བུའུ་ཁི་ལན་གནད་དོན་གྱི་དམིགས་བསལ་འཐུས་མིའི་ཆ་ནས་འཚམས་འདྲི་ཚོགས་པའི་རྗེས་འབྲངས་ཏེ་ཝུའུ་ཁི་ལན་ལ་འཚམས་འདྲི་བྱེད་པ་དེ་ཡིན་ཟེར།
ཆབ་སྲིད་ཀྱི་སྒོ་ནས་ཝུའུ་ཁི་ལན་གནད་དོན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱས་པའི་དུས་མཉམ་དུ། ཏིས་ལི་སིན་གྱིས་ཀྱང་ཝུའུ་ཁི་ལན་རྒྱལ་ནང་གི་ཁྱབ་ཁོངས་སོ་སོའི་བཅོས་སྒྱུར་འཕེལ་རིམ་ལ་ཧ་ཅང་སེམས་ཁུར་བྱེད་ཀྱིན་ཡོད་ཟེར། ཁོས་ཝུའུ་ཁི་ལན་ཕྱོགས་ཀྱིས་ཆབ་སྲིད་དང་དཔལ་འབྱོར་བཅོས་སྒྱུར་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། ཝུའུ་ཁི་ལན་དངུལ་གཏོང་མཁན་ལ་ཡོད་པའི་འགུག་ཤུགས་ཇེ་ཆེར་གཏོང་དགོས་པའི་འབོད་སྐུལ་བཏང་།