ཀྲུང་གོ་བོད་ཀྱི་དྲ་བ།

པ་ཞིའི་སྔོན་ཆད་ཀྱི་ཙུང་ཐུང་ལུའུ་ལཱ་ལ་འདྲི་གཅོད་དང་པོའི་སྟེང་ལོ་དགུ་དང་ཟླ་དྲུག་གི་ཁྲིམས་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པ་ཞི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཁྲིམས་དཔོན་སེ་ཨར་ཅི་ཨོ་མའོ་ལོ་ཡིས་ཚེས་བཅུ་གཉིས་ཉིན་ཁྱབ་སྒྲོག་བྱས་དོན། པ་ཞིའི་སྔོན་ཆད་ཀྱི་ཙུང་ཐུང་ལུའུ་ལཱ་ཡིས་ལྐོག་ཟ་དང་ནག་དངུལ་དཀར་སྒྱུར་བྱས་པས། འདྲི་གཅོད་དང་པོའི་སྟེང་ལོ་དགུ་དང་ཟླ་དྲུག་གི་ཁྲིམས་ཐག་བཅད་ཟེར།

པ་ཞིའི་འཛམ་གླིང་ཚགས་པར་སྟེང་བསྒྲགས་པའི་གནས་ཚུལ་ལྟར་ན། མའོ་ལོ་ཡིས་ཉིན་དེར་ཁྲིམས་ཐག་བཅད་པའི་གནས་ཚུལ་དྲིལ་སྒྲོག་བྱས་རྗེས་བཤད་རྒྱུར། ལུའུ་ལཱར་ཁྲིམས་ཐག་བཅད་པ་དེ་མྱུར་དུ་ལག་བསྟར་བྱེད་མི་སྲིད་ལ། ལུའུ་ལཱ་ལ་ཞུ་གཏུག་བྱེད་པའི་དབང་ཆ་ཡོད་ཟེར།

མའོ་ལོ་ནི་པ་ཞིའི་རྡོ་སྣུམ་ཀུང་ཟིའི་རུལ་སུངས་གྱོད་གཞིའི་འདྲི་གཅོད་དང་པོའི་ཁྲིམས་དཔོན་ཡིན་པའི་ཆ་ནས། ཉིས་སྟོང་བཅུ་དྲུག་ལོའི་ཟླ་དགུ་བར་ཞིབ་དཔྱོད་ཁང་གིས་ལུའུ་ལཱ་ཡིས་ལྐོག་ཟ་དང་ནག་དངུལ་དཀར་སྒྱུར་ནག་ཉེས་བཟོས་པ་དང་ལེན་བྱེད་རྒྱུ་ཁྱབ་སྒྲོག་བྱས། དེ་བས་ལུའུ་ལཱ་ནི་པ་ཞིའི་རྡོ་སྣུམ་ཀུང་ཟིའི་རུལ་སུངས་གྱོད་གཞིའི་དོགས་ཡོད་ཉེས་ཅན་དུ་གྱུར་བ་དང་། པ་ཞིའི་ཁྲིམས་འཛིན་ལས་ཁུངས་ཀྱིས་ཀྱང་ཁོ་ལ་ཞིབ་བཤེར་བྱེད་མགོ་བརྩམས།

ལུའུ་ལཱ་ཡིས་ནག་ཉེས་བཟོས་པ་དེ་པ་ཞིའི་ཨོ་ཡ་ཟི་བཟོ་སྐྲུན་ཀུང་ཟི་དང་འབྲེལ་བ་དམ་པོ་ཡོད། དེའི་སྔོན་ལ། ཨོ་ཡ་སི་བཟོ་སྐྲུན་ཀུང་ཟིས་སྲིད་གཞུང་གི་དཔོན་རིགས་དང་པ་ཞིའི་རྡོ་སྣུམ་ཀུང་ཟིའི་མཐོ་རིམ་དཔོན་རིགས་ལ་རྒྱུ་བརྫངས་ནས་ཡོང་སྒོ་འབོར་ཆེན་ཡོད་པའི་བཟོ་སྐྲུན་གན་རྒྱ་བཞག་པས། ཀུང་ཟི་དེའི་ཧྲིན་པོ་ལོ་ཀྲིག་ཧེ་པེན་གྲོང་ཁྱེར་གྱི་བཀའ་ལུའུ་ཡ་ན་ཡོད་པའི་སྤུས་ལེགས་སྡོད་ཁང་དེ་ལུའུ་ལཱ་ཡི་རྒྱུ་ནོར་ཡིན་པར་དོགས་པ་ཟ་བཞིན་ཡོད་པ་དང་། ལུའུ་ལཱ་ཡིས་སྡོད་ཁང་དེ་ལ་གཞི་ཁྱོན་ཆེན་པོས་བསྐྱར་ལས་བྱས།

དེ་ལས་གཞན། ཞིབ་དཔྱོད་ཁང་གིས་ནག་ཉེས་བཏགས་པ་ལྟར་ན། ལུའུ་ལཱ་ཡིས་ཙུང་ཐུང་གི་འགན་འཁུར་བའི་སྐབས་སུ་དབང་ཆར་བརྟེན་ནས་པོ་ལོ་ཁི་སི་ཐ་སོགས་མུ་མཐུད་དུ་པ་ཞིའི་རྡོ་སྣུམ་ཀུང་ཟིའི་མཐོ་རིམ་དཔོན་རིགས་ཀྱི་གོ་གནས་སུ་བཞག་སྟེ་ཨོ་ཡ་སི་ཀུང་ཟི་ལ་ལས་གཞི་གང་མང་ཐོབ་པར་སྟབས་བདེ་བསྐྲུན།

ལུའུ་ལཱའི་ཁྲིམས་རྩོད་ཚོགས་པས་བཤད་རྒྱུར། ཁོ་ཚོས་ལུའུ་ལཱ་ལ་ཁྲིམས་ཐག་བཅད་པའི་ཐད་ནས་ཞུ་གཏུག་བྱེད་རྒྱུ་ཡིན་ཟེར།

ལུའུ་ལཱ་ཡིས་ཉིས་སྟོང་གསུམ་ལོའི་ཟླ་དང་པོར་པ་ཞིའི་ཙུང་ཐུང་གི་འགན་འཁུར་བ་དང་ཉིས་སྟོང་བདུན་ལོའི་ཟླ་དང་པོར་མུ་མཐུད་དུ་ཙུང་ཐུང་གི་འགན་འཁུར་ཞིང་ཉིས་སྟོང་བཅུ་གཅིག་ལོའི་ཟླ་དང་པོར་འགན་འཁུར་མཚམས་བཞག་པ་རེད། 
 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།