ཀྲུང་གོ་བོད་ཀྱི་དྲ་བ།

ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གིས་རྒྱལ་སའི་ཉེ་འཁོར་གྱི་ཅཱ་ལ་པུའུ་ལེ་མཁར་གྲོང་ཆུང་བ་ཚོད་འཛིན་བྱས་པ་བསྒྲགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན་ཏི་ལེ་པོ་ལེ་ནས་འབྱོར་བའི་གནས་ཚུལ་ལྟར་ན། ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་ཁོངས་གཏོགས་དྲག་ཆས་སྟོབས་ཤུགས་ཀྱིས་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་བསྒྲགས་དོན།ཉིན་དེའི་ཕྱི་དྲོར་དྲག་ཆས་སྟོབས་ཤུགས་ཀྱིས་རྒྱལ་སའི་ཉེ་འཁོར་གྱི་ཅཱ་ལི་པུའུ་ལེ་ཞེས་པའི་མཁར་གྲོང་ཆུང་བ་ཁྱོན་ཡོངས་ནས་ཚོད་འཛིན་བྱས་ཡོད་ཟེར།

ཚེས་དགུ་ཉིན་ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་ཁོངས་གཏོགས་ཀྱི་དྲག་ཆས་སྟོབས་ཤུགས་དང་ལི་པི་ཡའི་རྒྱལ་སྐྱོབ་སྲིད་གཞུང་གི་ཁོངས་གཏོགས་དྲག་ཆས་སྟོབས་ཤུགས་བར་དུ་རྒྱལ་ས་ཏི་ལེ་པོ་ལེའི་ཤར་ཕྱོགས་ཀྱི་སྤྱི་ལེ་ལྔ་བཅུའི་མཚམས་ན་ཡོད་པའི་ཅཱ་ལ་པུའུ་ལེ་ནས་འཁྲུག་རྩོད་བྱུང་། ལི་པི་ཡ་མི་རིགས་མཐུན་སྒྲིལ་སྲིད་གཞུང་སྨན་བཅོས་སྡེ་ཁག་གིས་ཚེས་བཅུ་གཅིག་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། བསྟུད་མུར་ཉིན་གསུམ་གྱི་རིང་ལ་དྲག་ཆས་སྟོབས་ཤུགས་ཀྱི་འཁྲུག་རྩོད་ཁྲོད་ནས་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་མི་ཉེར་གཅིག་ལ་རྨས་ཕོག་ཟེར།

ད་ལོའི་ཟླ་ལྔ་བའི་ཟླ་མཇུག་ཏུ། གོང་གསལ་དྲག་ཆས་སྟོབས་ཤུགས་གཉིས་བར་ཏི་ལེ་པོ་ལེ་ནས་འཁྲུག་རྩོད་དྲག་པོ་བྱུང་བ་དང་། མཇུག་མཐར་ལི་པི་ཡའི་རྒྱལ་སྐྱོབ་སྲིད་གཞུང་གི་ཁོངས་གཏོགས་དྲག་ཆས་སྟོབས་ཤུགས་རྒྱལ་ས་ལས་ཕྱིར་བདའ། དྲག་ཆས་སྟོབས་ཤུགས་འདི་རྒྱལ་ས་ལས་ཕྱིར་བདའ་རྗེས། རྒྱལ་སའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཉེ་འཁོར་ནས་མཉམ་རུབ་བྱས་ཏེ་གོ་སྐབས་ལ་བརྟེན་ནས་ངོ་རྒོལ་བྱེད་རྩིས་ཡོད།

ཉིས་སྟོང་བཅུ་གཅིག་ལོར་ལི་པི་ཡའི་དམག་འཁྲུག་མཇུལ་སྒྲིལ་རྗེས། ལི་པི་ཡ་སྲིད་གཞུང་གི་རྣམ་པར་གཡོ་སྐྱོམས་ཆེན་པོ་བྱུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བར་འདུམ་འོག་ཏུ། ལི་པི་ཡའི་ཁ་གཏད་གྲོས་ཁང་གཉིས་ཀྱི་འཐུས་མིས་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཉིས་པར་ལི་པི་ཡའི་སྲིད་གཞུང་གྲོས་མཐུན་སྟེང་མིང་བཀོད་དེ། ཁ་བྲལ་གྱི་རྣམ་པ་མཇུག་སྒྲིལ་བར་མོས་མཐུན་བྱུང་བར་མ་ཟད། མཉམ་དུ་མི་རིགས་མཐུན་སྒྲིལ་སྲིད་གཞུང་འཛུགས་པར་རྩ་འཛུགས་བྱས།

ཡིན་ནའང་མིག་སྔར་ལི་པི་ཡའི་ཁ་གཏད་ཕྱོགས་ཁག་སོ་སོས་གྲོས་མཐུན་ལྟར་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་གཅིག་གྱུར་མགོ་ཁྲིད་ཁས་ལེན་མ་བྱས་པར། དེ་ལས་ལྡོག་སྟེ་དྲག་ཤུགས་ལ་བརྟེན་ནས་རྒྱལ་ས་དང་དེའི་ཉེ་འཁོར་གྱི་གྲོང་ཁྱེར་ཧམ་འཕྲོག་བྱས་ནས། རང་ཉིད་ཀྱི་ཆབ་སྲིད་སྟོབས་ཤུགས་ཇེ་དྲག་ཏུ་བཏང་བས། དེས་རྒྱལ་ཁབ་ཧྲིལ་བོ་སྔར་བཞིན་གཡོ་སྐྱོམས་དང་ཁ་བྲལ་གྱི་རྣམ་པར་བསྒྱུར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།