ཀྲུང་གོ་བོད་ཀྱི་དྲ་བ།

ཨའེ་ཨར་ཏོ་ཨན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རྣམ་འགྱུར་ལ་ཡང་དང་བསྐྱར་དུ་འགྱུར་ལྡོག་བྱུང་བ་དེས་ཐུར་ཁེའི་དུས་ཚོད་ཆུད་ཟོས་སུ་བཏང་བར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཨའེ་ཨར་ཏོ་ཨན་གྱིས་དབྱིན་ཇིའི་གསར་འགྱུར་ལས་ཁུངས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐུར་ཁེ་མནའ་འབྲེལ་དེའི་ནང་དུ་ཞུགས་སུ་འཇུག་པའི་ཐད་ཀྱི་རྣམ་འགྱུར་ལ་ཡང་དང་བསྐྱར་དུ་འགྱུར་ལྡོག་བྱུང་བ་དེས་ང་ཚོའི་དུས་ཚོད་ཆུད་ཟོས་སུ་བཏང་ཟེར།

དབྱིན་ཇིའི་རྒྱང་སྒྲོག་ཀུང་ཟིས་ཚེས་བཅུ་བཞི་ཉིན་འཛམ་གླིང་གསར་འགྱུར་འཕྲིན་ལམ་བརྒྱུད་དེ་བཅར་འདྲིའི་གནས་ཚུལ་དེ་གཏོང་རྒྱུ་རེད། སྔོན་ལ་བསྒྲགས་པའི་ཆེད་དོན་བཅར་འདྲིའི་ཡིག་རིགས་རྒྱུ་ཆའི་ནང་དུ། ཨའེ་ཨར་ཏོ་ཨན་གྱིས་ང་ཚོ་ཁ་བཤད་དོན་ལ་གནས་ཡོད་པ་དང་། གལ་ཏེ་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐད་ཀར་དུ་ང་ཚོར་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་དུ་ཞུགས་སུ་མི་འཇུག་ཅེས་བཤད་ནའང་དེ་ནི་ང་ཚོར་མཚོན་ན་སེམས་གསོ་ཞིག་ཡིན། དེ་ལྟར་བྱས་ན་ང་ཚོས་འཆར་གཞི་གཉིས་པ་དང་འཆར་གཞི་གསུམ་པ་ལག་བསྟར་བྱས་ཆོག་ཟེར།

ཁོས་མུ་མཐུད་ནས་བཤད་རྒྱུར། ངས་ཐེངས་དང་པོར་ཙུང་ལིའི་འགན་ཁུར་བའི་དུས་སུ། ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་གཙོའི་གྲོས་ཚོགས་སྟེང་ཐུར་ཁེ་ནི་སྒྲ་མེད་གསར་བརྗེ་ཞིག་ལེགས་འགྲུབ་བྱས་པའི་རྒྱལ་ཁབ་ཅིག་ཏུ་བཤད་མྱོང་མོད། ཡིན་ནའང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ད་ལྟ་ང་ཚོ་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སུ་ཞུགས་པར་གདེན་འདྲེན་མི་བྱེད་པ་མ་ཟད། ད་དུང་ང་ཚོའི་དུས་ཚོད་ཆུད་ཟོས་སུ་གཏོང་བཞིན་ཡོད་ཟེར།

ཁོས་བསྟན་དོན། ཐུར་ཁེ་པ་མང་ཆེ་ཤོས་ཀྱིས་ཡོ་རོབ་གླིང་ལྷག་བསམ་རྣམ་དག་མིན་པར་འདོད་དེ་ཡོ་རོབ་གླིང་མནའ་འབྲེལ་དུ་ཞུགས་འདོད་མེད་མོད། ཡིན་ནའང་ཡང་བསྐྱར་ཡོ་རོབ་གླིང་མནའ་འབྲེལ་ལ་དུས་ཚོད་ཅུང་ཙམ་བྱིན་ནས། ཁོ་ཚོས་དོན་དག་ཇི་ལྟར་བསྒྲུབ་པར་ལྟ་རྒྱུའི་ཐག་བཅད་ཡོད་ཟེར།

ཡོ་རོབ་གླིང་གྲོས་ཁང་གིས་ཟླ་བདུན་པའི་ཚེས་དྲུག་ཉིན་འདེམ་ཤོག་འཕངས་ཏེ་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས། གལ་ཏེ་ཐུར་ཁེའི་སྤྱི་དམངས་ཀྱིས་འདེམ་ཤོག་འཕངས་པའི་མཇུག་འབྲས་ཀྱིས་རྩ་ཁྲིམས་ལ་བཟོ་བཅོས་བྱེད་པར་རྒྱབ་སྐྱོར་བྱས་ཚེ། ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་དུ་ཞུགས་པར་གྲོས་མོལ་བྱེད་མཚམས་མྱུར་དུ་འཇོག་རྒྱུའི་ཐག་བཅད། ཐུར་ཁེའི་ཙུང་ལི་ཡེ་ཨར་ཏི་ལེ་མུའུ་ཡིས་གྲོས་ཆོད་དེར་བཅའ་ཁྲིམས་ཀྱི་ནུས་པ་མེད་པ་དང་། ཐུར་ཁེས་ཡོ་རོབ་གླིང་མགོ་ཁྲིད་པའི་ཐག་གཅོད་དང་མཐོང་ཆེན་བྱེད་བཞིན་པ་དང་། ཡོ་རོབ་གླིང་གྲོས་ཁང་གི་ཐག་གཅོད་ལ་མཐོང་ཆེན་བྱེད་བཞིན་མེད་ཅེས་སྐྱོན་བརྗོད་བྱས།

ཐུར་ཁེས་གཅིག་སྟོང་དགུ་བརྒྱ་གྱ་བདུན་ལོར་ཡོ་རོབ་གླིང་མནའ་འབྲེལ་དུ་ཞུགས་རྒྱུའི་རེ་འདུན་ཞུས་པ་དང་། གཅིག་སྟོང་དགུ་བརྒྱ་གོ་དགུ་ལོར་འདེམ་སྒུག་རྒྱལ་ཁབ་ཀྱི་ཐོབ་ཐང་ཐོབ། ཉིས་སྟོང་ལྔ་ལོ་ནས་བཟུང་ཡོ་རོབ་གླིང་མནའ་འབྲེལ་དུ་ཞུགས་པའི་གྲོས་མོལ་བྱེད་འགོ་བརྩམས་ལ། ད་ལྟ་ད་དུང་ཡོ་རོབ་གླིང་མནའ་འབྲེལ་དུ་ཞུགས་པའི་ཆ་རྐྱེན་མང་པོ་ལོངས་མེད། ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་ཁ་ཤས་ཀྱིས་ཐུར་ཁེའི་དམངས་གཙོ་ཅན་གྱི་འཕེལ་རིམ་དང་འགྲོ་མིའི་ཐོབ་ཐང་གི་གནད་དོན་དེ་ཡོ་རོབ་གླིང་མནའ་འབྲེལ་གྱི་རིན་ཐང་ལྟ་བར་མི་མཐུན་པའི་དོགས་འདྲི་བྱེད་བཞིན་ཡོད། ད་ལོའི་ཟླ་བཞི་པར་ཐུར་ཁེའི་སྤྱི་དམངས་ཀྱིས་འདེམ་ཤོག་འཕངས་ཏེ་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་སྟེ། ཉིས་སྟོང་བཅུ་དགུ་ལོའི་ཙུང་ཐུང་འདེམ་བསྐོ་དང་གྲོས་ཁང་འདེམ་བསྐོའི་རྗེས་སུ། ཐུར་ཁེ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་ལུགས་དེ་གྲོས་ཁང་ལམ་ལུགས་ནས་ཙུང་ཐུང་ལམ་ལུགས་སུ་བསྒྱུར་རྒྱུའི་ཐག་བཅད་པ་དང་། དེར་བསྟུན་ནས་ཐུར་ཁེ་དང་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་འབྲེལ་བ་སྔར་ལས་ཇེ་སྡུག་ཏུ་སོང་།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།