ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབྱི་རག་གི་མཱོ་སུའུ་ཨར་གྲོང་ཁྱེར་ལ་བཅིངས་འགྲོལ་ཐོབ་པར་དགའ་བསུ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་གསུམ་ཉིན་གསལ་སྒྲོག་སྤེལ་ནས། དབྱི་རག་གི་གྲོང་ཁྱེར་མཱོ་སུའུ་ཨར་ལ་བཅིངས་འགྲོལ་ཐོབ་པར་དགའ་བསུ་ཞུས་པ་དང་། དེ་ནི་འཛམ་གླིང་གིས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་ཆམ་ཕབ་གཏོང་བའི་ལོ་རྒྱུས་ཀྱི་རྡོ་རིང་ལྟ་བུ་ཡིན་ལ། དབྱི་རག་ནས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་རྩ་མེད་དུ་གཏོང་བའི་གོམ་སྟབས་གལ་ཆེན་ཞིག་ཡིན་ཞེས་བསྟན།

གསལ་སྒྲོག་ནང་དུ་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབྱི་རག་ཕྱོགས་ཀྱི་འབད་བརྩོན་ལ་གཟེངས་བསྟོད་བྱེད་བཞིན་པ་དང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་བརྒྱུད་རིམ་ཁྲོད་དུ་དཀའ་སྡུག་ཆེན་པོ་མྱོང་བཞིན་པའི་མི་རྣམས་དང་འདས་པོའི་ཁྱིམ་མི་རྣམས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན་ལ། དབྱི་རག་དང་ས་ཁུལ་ཡོངས་ཀྱི་གནོད་པ་ཐེབས་མཁན་དང་འཚོ་བ་རོལ་མཁན་གྱི་ཆེད་དུ་དྲང་བདེན་དར་སྤེལ་བྱེད་དགོས་པའི་འབོད་སྐུལ་བཏང་བ་ཡིན། དབྱི་རག་བདེ་འཇགས་དམག་དཔུང་གིས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཀྱིས་ཚོད་འཛིན་བྱས་པའི་ས་ཁུལ་གཞན་དག་བཅིངས་འགྲོལ་བྱེད་བཞིན་པའི་སྐབས་སུ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཡང་བསྐྱར་ཕྱོགས་སོ་སོས་རྒྱལ་སྤྱིའི་བཅའ་ཁྲིམས་བརྩི་སྲུང་བྱེད་པ་དང་། ལྷག་པར་དུ་མི་སེར་ལ་སྲུང་སྐྱོབ་བྱེད་པའི་གཏན་ཁེལ་བརྩི་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་བ་ཡིན་ཟེར།

གསལ་སྒྲོག་ནང་དུ་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབྱི་རག་སྲིད་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྟུད་མར་མཉམ་ལས་བྱས་ཏེ། དབྱི་རག་རྒྱལ་ཡོངས་ཀྱི་བཅིངས་འགྲོལ་ཐོབ་པའི་ས་ཁུལ་གཏན་འཇགས་སུ་བཏང་བར་གཟེངས་བསྟོད་བྱེད་བཞིན་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབྱི་རག་པ་ཡོངས་ཀྱིས་མུ་མཐུད་དུ་དེའི་ཐད་འབད་བརྩོན་བྱེད་པ་དང་། མི་རིགས་འགྲིག་མཐུན་ལ་སྔར་ལས་གཙིགས་འཛིན་བྱས་ཏེ། ཁྱིམ་གཞིས་ཤོར་བའི་མི་ས་ཡ་འགའ་བདེ་འཇགས་དང་རང་མོས་ཀྱིས་ཡང་བསྐྱར་ཁྱིམ་དུ་ལོག་པ་དང་སྤྱི་ཚོགས་ཁྲོད་འདྲེས་པར་བྱེད་རྒྱུ་མ་ཟད། འབྲེལ་ཡོད་ནག་ཉེས་ཀྱི་འགན་འཁྲི་རྩད་གཅོད་བྱེད་རྒྱུའི་འབོད་སྐུལ་བཏང་བ་ཡིན་ཟེར།

དབྱི་རག་གི་ཙུང་ལི་ཨ་པ་ཏེ་ཡིས་ཚེས་བཅུ་ཉིན་མཱོ་སུའུ་ཨར་གྱི་གཡུལ་ས་ན་ཡོད་པའི་འཇིགས་སྐུལ་ངོ་རྒོལ་དམག་དཔུང་གི་བཀོད་འདོམས་ཁང་ནས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་མཱོ་སུའུ་ཨར་གྲོང་ཁྱེར་གྱི་དབང་སྒྱུར་རྩ་རྫོགས་བྱས་པ་དང་། གྲོང་ཁྱེར་དེ་ཉིན་དེར་ཡོངས་སུ་བཅིངས་འགྲོལ་བྱས་ཞེས་བསྒྲགས།

མཱོ་སུའུ་ཨར་ནི་དབྱི་རག་གི་གྲོང་ཁྱེར་ཆེན་པོ་གཉིས་པ་ཡིན་ལ། ཉི་ཉི་ཝེ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཡིན་པ་དང་། རྒྱལ་ས་པ་ཀི་ཏའི་བྱང་ཕྱོགས་ཀྱི་སྤྱི་ལེ་བཞི་བརྒྱའི་མཚམས་སུ་ཡོད། ཉིས་སྟོང་བཅུ་བཞི་ལོའི་ཟླ་དྲུག་པར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་མཱོ་སུའུ་ཨར་གྲོང་ཁྱེར་བཙན་བཟུང་བྱས་པ་དང་། ས་དེ་ནི་ཐལ་སྤྱོད་རྩ་འཛུགས་དེའི་དབྱི་རག་གི་སྒར་ས་ཆེས་ཆེན་པོར་གྱུར། ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཅུ་པར་དབྱི་རག་གི་སྲིད་གཞུང་དམག་གིས་མཱོ་སུའུ་ཨར་གྲོང་ཁྱེར་ཕྱིར་འཕྲོག་པའི་དམག་དོན་འགུལ་སྐྱོད་སྤེལ་འགོ་བརྩམས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།