ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་གྲོས་མོལ་འཐུས་མིས་ཕ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་ཚྭ་མེད་ཆུ་མཁོ་འདོན་གྱི་གྲོས་ཆོད་བཀོད་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕ་ལེ་སི་ཐན་དང་དབྱི་སི་རལ་ས་ཁུལ་ལ་འཚམས་འདྲི་བྱེད་བཞིན་པའི་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡི་རྒྱལ་སྤྱིའི་གྲོས་མོལ་གྱི་དམིགས་བསལ་འཐུས་མི་ཅ་སིན་ཀི་ལིན་པུའུ་ལཱ་ཐི་ཡིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། དབྱི་སི་རལ་གྱིས་ཕ་ལེ་སི་ཐན་བར་དུ་ཚྭ་མེད་ཆུ་མཁོ་འདོན་གྱི་གྲོས་ཆོད་བཀོད་ཟིན་པ་དང་། དབྱི་སི་རལ་གྱིས་ཚྭ་མེད་ཆུ་མུས་རྒྱ་དཔངས་གྲུ་བཞི་མ་བྱེ་བ་གསུམ་དང་ས་ཡ་གཉིས་བཙོང་ནས་ཕ་ལེ་སི་ཐན་གྱི་ཆུའི་ཐོན་ཁུངས་ཐད་ཀྱི་ཉེན་ཚབས་ཐག་གཅོད་རྒྱུ་རེད་ཟེར།

ཀི་ལིན་པུའུ་ལཱ་ཐི་ཡིས་ཉིན་དེར་དབྱི་སི་རལ་གྱི་ས་ཁུལ་མཉམ་ལས་པུའུ་ཡི་པུའུ་ཀྲང་ཧ་ནེ་ཀི་པེ་དང་ཕ་ལེ་སི་ཐན་གྱི་ཆུའི་ཐོན་ཁུངས་ལས་ཁུངས་ཀྱི་ཀྲུའུ་ཞི་ཀུའུ་ནའེ་མུའུ་གཉིས་དང་མཉམ་དུ་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་གོང་གི་གནས་ཚུལ་དེ་བསྒྲགས་པ་རེད། གྲོས་ཆོད་དེ་ལྟར་ན། ཚྭ་མེད་ཆུ་མུས་རྒྱ་དཔངས་གྲུ་བཞི་མ་བྱེ་བ་གཉིས་ས་ཡ་གཉིས་ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དང་། ཚྭ་མེད་ཆུ་མུས་རྒྱ་དཔངས་གྲུ་བཞི་མ་བྱེ་བ་གཅིག་ཅ་ཧྲ་ས་ཁུལ་དུ་བཀོད་སྒྲིག་བྱེད་རྒྱུ་རེད།

ཀི་ལིན་པུའུ་ལཱ་ཐི་ཡིས་བཤད་རྒྱུར། གྲོས་ཆོད་དེས་ཅོར་ཏན་ཆུ་བོའི་ནུབ་འགྲམ་གྱི་གྲོང་ཁྱེར་ཅེ་ཉིན་ལ་ཆུ་མཁོ་འདོན་བྱེད་ཚད་ཧ་ཅང་ཇེ་ཆེར་བཏང་བ་དང་། དེས་ཕ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་མཉམ་ལས་བྱས་ཏེ་ཕ་ལེ་སི་ཐན་པའི་འཚོ་བའི་གནས་ཚུལ་ཇེ་ལེགས་སུ་གཏོང་ཐུབ་པ་མཚོན་ཡོད་ཟེར། ཀི་ལིན་པུའུ་ལཱ་ཐི་ཡིས་ད་དུང་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ད་དུང་ཡུན་རིང་གྲོས་བསྡུར་བྱས་པའི་མཚོ་དམར་ནས་མྱ་ངམ་མཚོའི་བར་གྱི་ཆུ་རྐ་ལས་པའི་ཐད་ནས་གྲོས་ཆོད་བཀོད་ཟེར།

མྱ་ངམ་མཚོ་སྐྱོབ་པའི་ཆེད་དུ། ཅོར་ཏན་དང་ཕ་ལེ་སི་ཐན། དབྱི་སི་རལ་བཅས་ཕྱོགས་གསུམ་གྱིས་མཚོ་དམར་དང་མྱ་ངམ་མཚོའི་བར་དུ་རིང་ཚད་ལ་སྤྱི་ལེ་ཉིས་བརྒྱ་ཡོད་པའོ་ཆུ་རྐ་ལས་ཏེ། མཚོ་དམར་གྱི་ཆུ་མྱ་ངམ་མཚོ་རུ་འདྲེན་རྩིས་ཡོད། བཟོ་སྐྲུན་དེའི་ནང་དུ་ད་དུང་ཀྲའོ་ཝ་ཐི་ལྔ་བརྒྱ་ལྔ་བཅུ་ཅན་གྱི་གློག་འདོན་ཁང་ཞིག་དང་མཚོ་ཆུ་ཚྭ་མེད་དུ་བསྒྱུར་བའི་བཟོ་གྲྭ་གཅིག་འཛུགས་རྒྱུ་ཡང་འདུ་ལ། ལོ་རེར་ཚྭ་མེད་བཏུང་ཆུ་མུས་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་བརྒྱད་དང་བྱེ་བ་ལྔ་མཁོ་འདོན་བྱེད་ཐུབ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།