ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་དམངས་དམག་དམག་སྒར་ལ་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་ཐེབས་ནས་མི་ཉེར་གཅིག་ལ་ཤི་རྨས་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  པ་ཀི་ཏ་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་རག་ནུབ་རྒྱུད་ཀྱི་ཨན་པ་ཨར་ཞིང་ཆེན་གྱི་དམངས་དམག་དམག་སྒར་ལ་ས་དེའི་ཚེས་བཅུ་གསུམ་ཉིན་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་ཐེབས་ཏེ། དམངས་དམག་དགུ་རྐྱེན་ལམ་དུ་ཤོར་བ་དང་དམངས་དམག་བཅུ་གཉིས་ལ་རྨས་ཚབས་ཆེན་ཕོག་ཟེར། དབྱི་རིག་ཁུའུ་ཨར་ཏི་བརྙན་འཕྲིན་ཁང་གིས་ཨན་པ་ཨར་ཞིང་ཆེན་བདེ་འཇགས་སྡེ་ཁག་གིས་བཤད་པའི་གནས་ཚུལ་དྲངས་པ་ལྟར་ན། ས་དེའི་ཚེས་བཅུ་གསུམ་ཉིན་གྱི་ཞོགས་པར། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་མི་སྣ་བཞི་ཨན་པ་ཨར་ཞིང་ཆེན་གྱི་ཁཱ་ཨར་མ་ས་ཁུལ་ན་གནས་པའི་དམངས་དམག་དམག་སྒར་དུ་འཛུལ་ཏེ། ལུས་སྟེང་གི་འགད་རྫས་འགས་གཏོར་བཏང་ནས། དམངས་དམག་དགུ་བསད་པ་དང་མི་བཅུ་གཉིས་རྨས་ཟེར།

ཨན་པ་ཨར་ཞིང་ཆེན་གྱི་དམག་དཔོན་ཞིག་གིས་ཞིབ་བརྗོད་བྱས་པ་ལྟར་ན། རང་སྲོག་གཅོད་པའི་འཇབ་རྒོལ་བས་ཉེན་རྟོག་པའི་ལྭ་བ་གྱོན་ནས། ཐོག་མར་ས་གནས་ཀྱི་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་བྱས་ཤིང་། དེའི་རྗེས་ནས་དམག་སྒར་ནང་དུ་འཛུལ་བ་དང་། སྒར་ནང་གི་དམངས་དམག་གིས་མེ་མདས་བརྒྱབ་སྟེ་འཇབ་རྒོལ་མི་སྣ་གཅིག་དེ་གར་བསད་ཟེར།

ས་གནས་སྲིད་གཞུང་གིས་བསྒྲགས་པ་ལྟར་ན། མིག་སྔར་རྨས་ཕོག་པའི་དམངས་དམག་རྣམས་མྱུར་མོར་ཉེ་འཁོར་གྱི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ཟེར།

འཇབ་རྒོལ་ཐེབས་སའི་ཨན་པ་ཨར་ཞིང་ཆེན་ནུབ་རྒྱུད་ས་ཁུལ་ནི་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དབྱི་རག་གི་གནས་གཞི་གལ་ཆེན་ཞིག་ཡིན། དབྱི་རག་གིས་མིག་སྔར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དམག་སྒར་ཆེན་མོ་མཱོ་སུའུ་ཨར་བཅིངས་འགྲོལ་བྱས་པ་བསྒྲགས་ནའང་། ཨན་པ་ཨར་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་རྡལ་མི་ཉུང་བ་ཞིག་སྔར་བཞིན་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཚོད་འཛིན་འོག་གནས་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།