ཀྲུང་གོ་བོད་ཀྱི་དྲ་བ།

ཨ་པ་སི་ཡིས་དབྱི་སི་རལ་གྱི་ཨ་ཁི་སཱ་མུའུ་སི་ལིན་ཆོས་ཁང་ལ་དམིགས་པའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་་འཕྲིན་ལྟར། ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སི་ཡིས་ཚེས་བཅུ་བཞི་ཉིན་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ལ་བྲེལ་མྱུར་ཁ་པར་བཏང་ནས། དབྱི་སི་རལ་གྱིས་ཉིན་དེར་ཨ་ཁི་སཱ་མུའུ་སི་ལིན་ཆོས་ཁང་གི་སྒོ་བརྒྱབ་པའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་བ་མ་ཟད་ངོ་རྒོལ་དྲག་པོ་བྱས།

ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་པ་སི་ཡིས་ཁ་པར་ལས་ཕ་ལེ་སི་ཐན་དང་དབྱི་སི་རལ་གཉིས་ཕྱོགས་གཅིག་གིས་འགལ་བ་ཛ་དྲག་ཏུ་གཏོང་བའི་འགུལ་སྐྱོད་སྤེལ་བར་ངོ་རྒོལ་བྱེད་པ་དང་། ལྷག་པར་དུ་དབྱི་སི་རལ་གྱིས་མུའུ་སི་ལིན་གྱི་མཇལ་ཕྱག་ལ་བཀག་འགོག་བྱེད་མི་འོས་ཞེས་ནན་གྱིས་བཤད། ཁོས་དབྱི་སི་རལ་ཕྱོགས་ཀྱིས་དབྱི་སི་ལན་གྱི་གནས་མཆོག་ཨ་ཁི་སཱའི་མུའུ་སི་ལིན་གྱི་ཆོས་ཁང་གི་སྒོ་རྒྱག་མཚམས་འཇོག་དགོས་པའི་རེ་བ་བཏོན་པ་དང་། ཨ་ཁི་སཱ་མུའུ་སི་ལིན་ཆོས་ཁང་གི་ལོ་རྒྱུས་དང་ཆོས་ལུགས་གོ་གནས་ལ་ཕྱོགས་གང་གིས་ཀྱང་གནོད་སྐྱེལ་མི་ཆོག་ཅེས་བཤད།

བསྒྲགས་པའི་གནས་ཚུལ་ལྟར་ན། ནེ་ཐ་ཉི་ཡ་ཧུའུ་ཡིས་ཁ་པར་ལས་ཆོས་ལུགས་གནས་མཆོག་གི་གནས་བབ་བསྒྱུར་མི་སྲིད་པ་དང་། ཕྱོགས་སོ་སོས་བྱེད་ཐབས་སྤྱད་དེ་འཁྲུག་རྩོད་མཚམས་འཇོག་ཏུ་འཇུག་དགོས་ཞེས་ནན་གྱིས་བསྟན་ཟེར།

ཡེ་ལུའུ་ས་ལུན་མཁར་རྙིང་ནས་ཚེས་བཅུ་བཞི་ཉིན་གྱི་ཞོགས་པར་མི་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་བ་དང་། འཇབ་རྒོལ་པ་གསུམ་གྱིས་ཡེ་ལུའུ་ས་ལུན་མཁར་རྙིང་ནས་དབྱི་སི་རལ་གྱི་ཉེན་རྟོག་པ་གསུམ་ལ་མེ་མདས་བརྒྱབ་པ་དང་། དེའི་ནང་གི་ཉེན་རྟོག་པ་གཉིས་ལ་སྨན་བཅོས་བྱས་ཀྱང་མ་ཕན་པར་རྐྱེན་ལམ་དུ་ཤོར། འཇབ་རྒོལ་བ་དེའི་རྗེས་སུ་ཉེན་རྟོག་ཕྱོགས་ཀྱིས་བསད།

དོན་རྐྱེན་དེ་བྱུང་རྗེས། དབྱི་སི་རལ་གྱིས་ས་དེ་རུ་ཡོད་པའི་ཨ་ཁི་སཱ་མུའུ་སི་ལིན་ཆོས་ཁང་གི་སྒོ་བརྒྱབ་སྟེ། མུའུ་སི་ལིན་ལ་མཇལ་ཕྱག་བྱེད་དུ་མ་བཅུག་པ་མ་ཟད། ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་གྲོང་ཁྱེར་ཕྱི་རུ་འགྲོ་སའི་སྒོ་བཀག ཡེ་ལུའུ་ས་ལུན་ན་ཡོད་པའི་མུའུ་སི་ལིན་གྱི་ཆོས་ལུགས་གཙོ་འཛིན་དབྱི་ཁི་ལེ་མཱ་ས་པུའུ་ལེ་ཡིས་དེའི་རྗེས་སུ་དབྱི་སི་རལ་གྱིས་ཨ་ཁི་སཱ་མུའུ་སི་ལིན་ཆོས་ཁང་གི་སྒོ་བརྒྱབ་པའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་ནས། དེ་ནི་དབྱི་སི་རལ་གྱིས་ལོ་མང་པོའི་རིང་ལ་མུའུ་སི་ལིན་གྱིས་ཨ་ཁི་སཱ་ཆོས་ཁང་དུ་གཟའ་པ་སངས་ཉིན་མཇལ་ཕྱག་བྱེད་པར་ཐོག་དང་པོར་བཀག་འགོག་བྱེད་པ་རེད་ཅེས་བཤད།

ཨ་ཁི་སཱ་མུའུ་སི་ལིན་ཆོས་ཁང་ཆགས་ས་དེ་ནི་དབྱི་སི་ལན་ཆོས་ལུགས་དང་ཡ་ཧུ་དའི་ཆོས་ལུགས་གཉི་གའི་གནས་མཆོག་ཡིན་ལ། ལོ་མང་པོར་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་རྩོད་གཞི་རུ་གྱུར་ཡོད། ཉིས་སྟོང་ལོར་དབྱི་སི་རལ་གྱི་སྔོན་ཆད་ཀྱི་ཙུང་ལི་ཧྲ་ལུང་བཙན་གྱིས་ས་དེའི་གནས་རི་ཞིག་གི་སྟེང་འགོས་པས། ཕ་ལེ་སི་ཐན་པའི་འོས་ལངས་ཐེངས་གཉིས་དང་ལོ་མང་པོའི་རིང་རྒྱུན་བསྲིངས་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་མི་ཤི་འཁྲུག་རྩོད་བྱུང་བ་རེད། ཉིས་སྟོང་བཅོ་ལྔ་ལོའི་ཟླ་དགུ་པར་ཡ་ཧུ་དའི་ཆོས་ལུགས་ཀྱི་དུས་ཆེན་སྐབས་སུ། ཡ་ཧུ་ད་པའི་ཐལ་སྤྱོད་ཚོགས་པས་ཨ་ཁི་སཱ་མུའུ་སི་ལིན་ཆོས་ཁང་གི་ར་སྐོར་ནང་གསོལ་འདེབས་ཀྱི་བྱ་འགུལ་སྤེལ་རྩིས་བྱས་པས། ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གསར་དུ་འཁྲུག་རྩོད་བྱུང་།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།