སྐོར་ཐེངས་གསར་བའི་སི་རི་ཡའི་གནད་དོན་གྱི་རི་ནེ་ཝའི་གྲོས་མོལ་ལས་གྲུབ་འབྲས་ཅན་གྱི་ཡིག་ཆ་ཅི་ཡང་མ་བཀོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོ་ཁྲིད་བྱས་པའི་སྐོར་ཐེངས་གསར་བའི་སི་རི་ཡའི་གནད་དོན་གྱི་རི་ནེ་ཝའི་གྲོས་མོལ་ཚེས་བཅུ་བཞི་ཉིན་རི་ནེ་ཝ་ནས་མཇུག་བསྡུས་པ་དང་། གྲོས་མོལ་སྟེང་གྲུབ་འབྲས་ཅན་གྱི་ཡིག་ཆ་ཅི་ཡང་མ་བཀོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡའི་གནད་དོན་གྱི་ཆེད་མངག་ཕོ་ཉ་ཏི་སྨིས་སི་ཐུའུ་ལཱ་ཡིས་ཉིན་དེའི་དགོང་མོར་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཐེངས་འདིའི་གྲོས་མོལ་སྟེང་གྲུབ་འབྲས་ཆེན་པོ་ཅི་ཡང་མ་ཐོབ་ལ། ཁ་བྲལ་དུའང་སོང་མེད་པར། སྔོན་ཆད་ཀྱི་ཐུན་མོང་གི་ལྟ་བའི་རྨང་གཞིའི་སྟེང་གྲུབ་འབྲས་ཁ་ཤས་བླངས་ཡོད་ཟེར།

སི་རི་ཡའི་སྲིད་གཞུང་གི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཅ་ཧྥ་ལི་ཡིས་གྲོས་མོལ་མཇུག་རྫོགས་རྗེས་གསར་འགོད་པ་རྣམས་ལ་བཤད་རྒྱུར། ཐེངས་འདིའི་གྲོས་མོལ་སྟེང་གྲོས་གཞི་གཙོ་བོ་གཉིས་ལ་གྲོས་བསྡུར་བྱས་པ་སྟེ། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་དང་རྩ་ཁྲིམས་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་གོ་རིམ་གནད་དོན་དེ་གཉིས་ཡིན་ཟེར།  

ཏི་སྨིས་སི་ཐུའུ་ལཱ་ཡིས་ཉིན་དེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཁྱབ་སྒྲོག་བྱས་པ་ལྟར་ན། སི་རི་ཡའི་གནད་དོན་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བའི་གྲོས་མོལ་ཐེངས་རྗེས་མ་ད་ལོའི་ཟླ་དགུ་བའི་ཟླ་འགོར་རི་ནེ་ཝ་ནས་བསྡུ་རྒྱུ་ཡིན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོ་ཁྲིད་བྱས་པའི་སི་རི་ཡའི་གནད་དོན་གྱི་རི་ནེ་ཝ་འིགྲོས་མོལ་ཐེངས་སྔོན་མ་དེ་ཟླ་ལྔ་བའི་ཚེས་བཅུ་དགུ་ཉིན་མཇུག་རྫོགས། གྲོས་མོལ་སྟེང་གྲུབ་འབྲས་ཅན་གྱི་ཡིག་ཆ་ཅི་ཡང་མ་བཀོད།

མཉམ་འབྲེལ་རྒྱལ་ཚོགས་རྩ་འཛུགས་ཀྱིས་སྡོམ་རྩིས་བྱས་པ་ལྟར་ན། བསྟུད་མར་ལོ་དྲུག་གི་རིང་ལ་བྱུང་བའི་སི་རི་ཡའི་གདོང་གཏུག་ཁྲོད་མི་འབུམ་གསུམ་ལྷག་བསད་པ་དང་། སི་རི་ཡ་རྒྱལ་ཡོངས་ཀྱི་མི་གྲངས་ཕྱེད་ཀ་ལྷག་ཡུལ་གྱར་དུ་སོང་ལ། མི་གྲངས་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་ལྔ་ལྷག་ལ་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་བྱེད་དགོས། 2016ལོའི་ལོ་འགོའི་ཚུན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོ་ཁྲིད་བྱས་འོག སི་རི་ཡའི་སྲིད་གཞུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་ཕྱོགས་ཁག་གི་འཐུས་མིས་རི་ནེ་ཝ་ནས་གྲོས་མོལ་ཐེངས་མང་བྱས་མོད། འོན་ཀྱང་འགལ་བ་ཚབས་ཆེ་བས་གྲུབ་འབྲས་ཐོབ་མེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།