ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཨ་ཧྥུའུ་ཧན་ཡན་ལག་རུ་ཁག་གི་མགོ་གཙོ་བསད་པ་ཡིན་ཞེས་བཤད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་བཞི་ཉིན་གསལ་སྒྲོག་སྤེལ་ཏེ་ཨ་མེ་རི་ཁའི་དམག་དཔུང་གིས་གཟའ་འཁོར་འདིའི་བར་སྣང་གི་འཇབ་རྒོལ་ཁྲོད་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཨ་ཧྥུའུ་ཧན་ཡན་ལག་རུ་ཁག་གི་མགོ་གཙོ་བསད་པ་ཡིན་ཞེས་བཤད།

གསལ་སྒྲོག་ནང་བཀོད་དོན། ཨ་མེ་རི་ཁའི་དམག་དཔུང་གིས་ཚེས་བཅུ་གཅིག་ཉིན་ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ཁུའུ་ན་ཨེར་ཞིང་ཆེན་དུ་ཡོད་པའི་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དམིགས་འབེན་ཞིག་ལ་བར་སྣང་ནས་འཇབ་རྒོལ་བྱས་ཏེ། རྩ་འཛུགས་དེའི་ཨ་ཧྥུའུ་ཧན་ཡན་ལག་རུ་ཁག་གི་མགོ་གཙོ་ཨ་པུའུ་སེ་དབྱི་ཏི་དང་བཅས་པའི་དྲག་ཆས་མི་སྣ་མང་པོ་བསད་ཡོད་ཟེར།  

གསལ་སྒྲོག་ནང་ད་རུང་བཀོད་དོན། ཨ་མེ་རི་ཁའི་དམག་དཔུང་གི་ཐེངས་འདིའི་བར་སྣང་གི་འཇབ་རྒོལ་གྱིས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པས་ཨ་ཧྥུའུ་ཧན་ནས་སྟོབས་ཤུགས་རྒྱ་བསྐྱེད་པའི་ལྐོག་གཡོ་རྩ་བ་ནས་བརླགས་པ་ཡིན་ཟེར།   

ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅ་ཉི་ཡིས་ད་ལོའི་ཟླ་ལྔ་བར་ཨ་མེ་རི་ཁའི་དུས་རབས་དུས་དེབ་ཀྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ངེས་པར་དུ་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཀྱིས་ཨ་ཧྥུའུ་ཧན་ནས་བྱ་འགུལ་སྤེལ་བར་དོགས་ཟོན་བྱེད་དགོས་པའི་ཐ་ཚིག་བསྒྲགས།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།