ཨེ་ཅིབ་དང་ཧྥ་རན་སིའི་མགོ་ཁྲིད་པས་ཁ་པར་ལས་ལི་པི་ཡའི་གནད་དོན་ལ་གྲོས་སྡུར་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ཡིས་ཚེས་བཅུ་དྲུག་ཉིན་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་ཁ་པར་བཏང་བ་དང་། ཕྱོགས་གཉིས་ཀྱིས་ལི་པི་ཡའི་ཉེན་ཚབས་སོགས་གནད་དོན་ཐད་ནས་བསམ་ཚུལ་བརྗེ་རེས་བྱས།

ཨེ་ཅིབ་ཙུང་ཐུང་བཞུགས་ཤག་གི་མགྲིན་ཚབ་པ་ཨ་ལཱ་ཡུག་སུའུ་ཧྥུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། སའེ་ཞི་དང་མཱ་ཁི་ལུང་གཉི་གས་བལྟས་ན། ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་ལི་པི་ཡའི་གནད་དོན་ཐག་གཅོད་པ་དང་ལི་པི་ཡའི་ཞི་བདེ་བརྟན་འཇགས་སླར་གསོ་བྱེད་པ་དེ་ས་ཁུལ་གྱི་བདེ་འཇགས་གནས་བབ་ལ་ཧ་ཅང་གལ་ཆེ་བར་འདོད་ཟེར།

གསལ་སྒྲོག་ནང་དུ་བཤད་རྒྱུར། སའེ་ཞི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབད་བརྩོན་ནི་དབུས་ཤར་ས་ཁུལ་གྱི་ཟིང་འཁྲུག་དང་ཉེན་ཚབས་མཇུག་རྫོགས་པར་བྱེད་པར་ཧ་ཅང་གལ་ཆེ་ཞེས་བཤད་པ་དང་། མཱ་ཁི་ལུང་གིས་ཧྥ་རན་སི་དང་ཨེ་ཅིབ་ཀྱིས་ཕྱོགས་གཉི་གས་དོ་སྣང་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་གྲོས་མོལ་དང་མཉམ་ལས་ལ་ཤུགས་སྣོན་དགོས་པ་དང་། ལྷག་པར་དུ་ལི་པི་ཡའི་གནད་དོན་ཐད་ཀྱི་གྲོས་མོལ་དང་མཉམ་ལས་ལ་ཤུགས་སྣོན་དགོས་ཞེས་ནན་གྱིས་བཤད་ཟེར།

དེས་མི་ཚད་སའེ་ཞི་ཡིས་ཨེ་ཅིབ་དང་ཧྥ་རན་སིའི་འབྲེལ་བ་ཉེ་བའི་ལོ་འགའི་རིང་བསྟུད་མར་ཇེ་ཟབ་ཏུ་སོང་བ་དང་། སྔར་ལས་ཁྱོན་ཡོངས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་གོང་འཕེལ་དུ་གཏོང་རྒྱུ་མ་ཟད་མཉམ་ལས་ལ་ཤུགས་སྣོན་རྒྱུ་ནི་ང་ཚོའི་རེ་བ་ཡིན་ཞེས་བཤད།

ཉིས་སྟོང་བཅུ་གཅིག་ལོར་ལི་པི་ཡའི་དམག་འཁྲུག་མཇུག་རྫོགས་རྗེས། ལི་པི་ཡའི་ཆབ་སྲིད་གནས་བབ་བསྟུད་མར་ཟང་ཟིང་དུ་གྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བར་འདུམ་འོག་ཏུ། ལི་པི་ཡའི་ཕན་ཚུན་ཁ་གཏད་དུ་ལངས་པའི་གྲོས་ཁང་གཉིས་ཀྱི་འཐུས་མིས་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཉིས་པར་ལི་པི་ཡའི་ཆབ་སྲིད་གྲོས་ཆོད་བཀོད་ནས། སིལ་བུར་འཐོར་བའི་རྣམ་པ་མཇུག་རྫོགས་པར་བྱས་ཏེ། མཉམ་དུ་མི་རིགས་མཐུན་སྒྲིལ་སྲིད་གཞུང་འཛུགས་པར་འཐད་པ་བྱུང་། ཡིན་ནའང་མིག་སྔར་ལི་པི་ཡའི་ཕྱོགས་ཁག་སོ་སོས་གྲོས་ཆོད་དེ་ལྟར་དུ་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་གཅིག་གྱུར་གྱི་མགོ་ཁྲིད་དང་ལེན་བྱས་མེད་པ་དང་། རྒྱལ་ཁབ་སྔར་ལས་ཟང་ཟིང་དུ་གྱུར་ཡོད་པ་དང་སིལ་བུར་འཐོར་ཡོད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།