ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་ཨ་ཁི་སཱ་མུའུ་སི་ལིན་ཆོས་ཁང་གི་སྒོ་ཡང་བསྐྱར་ཕྱེས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་དྲག་ཉིན་གྱི་ཕྱི་དྲོར་ཡེ་ལུའུ་ས་ལུན་མཁར་རྙིང་དུ་ཡོད་པའི་ཨ་ཁི་སཱ་མུའུ་སི་ལིན་ཆོས་ཁང་དང་དེ་ཡོད་སའི་གནས་རི་རིམ་བཞིན་ཕྱི་ཕྱོགས་ལ་སྒོ་ཕྱེས་པ་དང་། དེ་དང་མཉམ་དུ་ས་དེའི་བདེ་སྲུང་ལ་ཤུགས་བསྣན། ཡིན་ནའང་བདེ་སྲུང་གི་འབྲེལ་ཡོད་བྱེད་ཐབས་ལ་ཆོས་ལུགས་སྒྲིག་ཆས་དོ་དམ་སྡེ་ཁག་གི་ངོ་རྒོལ་ཐེབས།

དབྱི་སི་རལ་ཉེན་རྟོག་ཕྱོགས་ཀྱིས་གནས་རི་ལ་མཇལ་སྐོར་དུ་འགྲོ་ས་དང་ཨ་ཁི་སཱ་མུའུ་སི་ལིན་ཆོས་ཁང་གི་སྒོ་ཁ་རུ་ལྕགས་རིགས་བརྟག་ཆས་བཞག་པ་མ་ཟད། ས་དེར་ལྟ་རྟོག་བརྙན་མིག་ཁ་སྣོན་བྱས། ཨ་ཁི་སཱ་མུའུ་སི་ལིན་ཆོས་ཁང་སོགས་ཆོས་ལུགས་སྒྲིག་ཆས་ལ་དོ་དམ་བྱེད་པའི་འགན་འཁུར་བའི་དབྱི་སི་ལན་ཆོས་ལུགས་ཐེབས་རྩ་ཚོགས་པས་དབྱི་སི་རལ་ཉེན་རྟོག་ཕྱོགས་ཀྱི་བྱ་སྤྱོད་དེས་མིག་སྔའི་གནས་བབ་ལ་འགྱུར་ལྡོག་བཏང་བ་རྒྱུ་མཚན་དུ་བྱས་ནས། ཉེན་རྟོག་ཕྱོགས་ལ་ཨ་ཁི་སཱ་མུའུ་སི་ལིན་ཆོས་ཁང་གི་སྒོ་ཆེན་མ་ཕྱེས།

ཨ་ཁི་སཱ་མུའུ་སི་ལིན་ཆོས་ཁང་གི་འགན་ཁུར་བ་ཅི་སི་ཝ་ཉི་ཡིས་མུའུ་སི་ལིན་གྱི་དད་ལྡན་པ་རྣམས་དབྱི་སི་རལ་ཉེན་རྟོག་ཕྱོགས་ཀྱིས་བདེ་སྲུང་སྒྲིག་ཆས་ཕྱིར་འཐེན་མ་བྱས་གོང་ཨ་ཁི་སཱ་མུའུ་སི་ལིན་ཆོས་ཁང་ལ་འགྲོ་མི་རུང་བའི་རེ་བ་བཏོན།

ཉིན་དེར་ཡེ་ལུའུ་ས་ལུན་མཁར་རྙིང་གི་སྒོ་སྔར་བཞིན་བརྒྱབ་པ་དང་། དབྱི་སི་རལ་གྱི་ཉེན་རྟོག་ཕྱོགས་ཀྱིས་ཕྱི་རྒྱལ་གྱི་ཡུལ་སྐོར་པ་དང་ཡེ་ལུའུ་ས་ལུན་མཁར་རྙིང་ནང་ཁུལ་དུ་བསྡད་ཡོད་པའི་ཡ་ཧུ་ད་ཆོས་ལུགས་ཀྱི་དད་ལྡན་པ་དང་ཡེ་ཤུ་ཆོས་ལུགས་ཀྱི་དད་ལྡན་པ་མ་གཏོགས་མཁར་རྙིང་གི་ཕྱི་ནང་ལ་འགྲོ་རུ་མ་བཅུག

ཟླ་འདིའི་ཚེས་བཅུ་བཞི་ཉིན། དབྱི་སི་རལ་གྱི་ཉེན་རྟོག་པ་གསུམ་ལ་གནས་རིའི་འདབས་རོལ་ནས་འཇབ་རྒོལ་ཐེབས་ཏེ་ཉེན་རྟོག་པ་གཉིས་རྐྱེན་ལམ་དུ་ཤོར། དོན་རྐྱེན་བྱུང་རྗེས། དབྱི་སི་རལ་ཉེན་རྟོག་ཕྱོགས་ཀྱིས་ཨ་ཁི་སཱ་མུའུ་སི་ལིན་ཆོས་ཁང་བཀག་སྡོམ་བྱས་ཏེ་མུའུ་སི་ལིན་གྱི་དད་ལྡན་པ་མཇལ་ཕྱག་བྱེད་པར་འགྲོ་རུ་མ་བཅུག་པ་མ་ཟད། ཡེ་ལུའུ་ས་ལུན་མཁར་རྙིང་གི་མུའུ་སི་ལིན་ཁུལ་གྱི་ཚོང་ཁང་མང་ཆེ་ཤོས་དང་ཡེ་ལུའུ་ས་ལུན་ཤར་མའི་ཚོང་ལས་སྲང་ལམ་གཙོ་བོའི་ཚོང་ཁང་གི་སྒོ་རྒྱག་ཏུ་བཅུག་པ་དང་། ཡེ་ལུའུ་ས་ལུན་མཁར་རྙིང་ཉེ་འདབས་ཀྱི་འགྲིམ་འགྲུལ་ལ་བཀག་སྡོམ་བྱས།

ཡེ་ལུའུ་ས་ལུན་མཁར་རྙིང་དུ་ཡོད་པའི་ཨ་ཁི་སཱ་མུའུ་སི་ལིན་ཆོས་ཁང་ནི་མའེ་ཅ་དང་མའེ་ཏེ་ནའི་རྗེས་ཀྱི་དབྱི་སི་ལན་ཆོས་ལུགས་ཀྱི་གནས་མཆོག་གསུམ་པ་ཡིན་ལ། ཡ་ཧུ་ད་ཆོགས་ལུགས་ཀྱི་གནས་མཆོག་ཅིག་དང་མཉམ་དུ་གནས་རིའི་སྟེང་དུ་ཡོད། ཡ་ཧུ་ད་ཆོས་ལུགས་དང་དབྱི་སི་ལན་ཆོས་ལུགས་གཉི་གའི་གནས་མཆོག་ཡིན་པས། གནས་རི་དེའི་ཆོས་ལུགས་དང་ཆབ་སྲིད་ཀྱི་གོ་གནས་ནི་གནད་དོན་ཚ་ཤོས་ཤིག་ཏུ་གྱུར་ཡོད།

དབྱི་སི་རལ་གྱིས་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོར་དབུས་ཤར་དམག་འཁྲུག་གི་ཁྲོད་དུ་ཅོར་ཏན་གྱི་ལག་ནས་ཡེ་ལུའུ་ས་ལུན་མཁར་རྙིང་གི་བདག་དབང་འཕྲོག་པ་དང་། ཅོར་ཏན་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཀྱིས་གཅིག་སྟོང་དགུ་བརྒྱ་གོ་བཞི་ལོར་བཀོད་པའི་ཞི་བདེའི་ཆིངས་ཡིག་ལྟར་ན། གནས་མཆོག་བདག་དབང་ཅོར་ཏན་ཕྱོགས་ལ་དབང་བ་དང་བདེ་སྲུང་དབང་ཆ་དབྱི་སི་རལ་ཕྱོགས་ལ་དབང་། ཉིས་སྟོང་ལོར་སྐབས་དེར་དབྱི་སི་རལ་གྱི་ངོ་རྒོལ་ཏང་ཁག་ལེ་ཁུའུ་ཏི་ཚོགས་པའི་མགོ་ཁྲིད་པའི་འགན་འཁུར་བའི་ཧྲ་ལུང་གིས་བཙན་གྱིས་གནས་རི་ལ་ལྟ་སྐོར་བྱས་པས། ཕ་ལེ་སི་ཐན་པས་དབྱི་སི་རལ་ལ་ངོ་རྒོལ་བྱེད་པའི་གཞི་ཁྱོན་ཆེ་བའི་འོས་ལངས་ཐེངས་གཉིས་པ་སྤེལ་བ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།